ནང་དོན་གནད་བསྡུས།
སྐད་ཡིག་སློབ་ཁྲིད་ཀྱི་བྱང་ཚད་མཐོར་འདེགས་སུ་གཏང་དགོས་ན། ཐོག་མར་ངེས་པར་དུ་དགེ་རྒན་རང་ཉིད་ནས་སློབ་ཁྲིད་ཐབས་ཤེས་ལ་བཅོས་བསྒྱུར་གཏང་དགོས་པ་དང་རང་ཉིད་ནས་ཤེས་བྱའི་ཚད་གོང་སྤེལ་གཏང་དགོས། ད་དུང་སློབ་མའི་སློབ་སྦྱོང་གི་མོས་པ་བསྐྱེད་བསྲིང་བྱ་དགོས།
བརྡ་ཆད་གཙོ་བོ།
སྐད་ཡིག་སློབ་ཁྲིད། བྱང་ཚར་མཐོར་འདེགས། ཐབས་ལམ།
གླེང་སློང་བ།
དེང་སྐབས་སྤྱི་ཚོགས་ཤུགས་ཀྱིས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འགྲོ་བ་མིའི་དགོས་མཁོ་དང་རེ་འདུན་ཡང་ཇེ་ཆེར་འགྱུར་བཞིན་འདུག། ད་ལྟ་རང་ཅག་གིས་འགན་བཞེས་པའི་འགྲོ་བ་མིའི་བསམ་པའི་བཟོ་བཀོད་ཀྱི་ཆུ་ཚད་ཀྱང་སྔར་དང་མི་འདྲ་བར་འགྱུར་བཞིན་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་རུང་།སྔར་གྱི་ཤེས་བྱ་ཙམ་དང་ཉམས་མྱོང་ཙམ་གྱིས་སྐད་ཡིག་སློབ་ཁྲིད་བྱ་བ་བསྒྲུབ་པར་དཀའ་ལས་ཁག་པོ་འདུག་ལ། དེར་ལོ་ངོ་བཅུ་ཕྲག་རིང་ལ་སློབ་ཁྲིད་ཀྱི་ཐབས་ཤེས་དང་བྱ་སྤྱོད་དག་ལ་བསྒྱུར་བཅོས་ཆེན་པོ་ཞིག་བཏང་མེད་པས། གསར་སྐྱེས་ཀྱི་སློབ་བུ་མང་ཆེ་བའི་སྐད་ཡིག་གི་ཤེས་ཚད་གནའ་དང་བསྡུར་ན་ཇེ་ཞན་དུ་སོང་འདུག། དེར་བསྟུན་རང་ཉིད་ཀྱིས ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་སློབ་ཁྲིད་ཀྱི་བྱ་གཞག་ཐད་ཞིབ་འཇུག་དང་ཕྱོགས་བསྡོམས་བྱས་པ་འགའ་དགོད་པར་བྱའོ།།
དང་པོ། སྐད་ཡིག་སློབ་ཁྲིད་ཀྱི་
གནད་དོན།
སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ཡིན་རུང་སྐད་ཡིག་སློབ་ཁྲིད་ཀྱི་བྱང་ཚད་མཐོར་འདེགས་སུ་གཏང་དགོས་ན། ངེས་པར་དུ་དགེ་རྒན་རང་ཉིད་ནས་སློབ་ཁྲིད་ཀྱི་ཐབས་ཤེས་ལ་བསྒྱུར་བཅོས་དང་སྤོབས་པ་ཆེན་པོའི་སྒོ་ནས་སློབ་ཁྲིད་ཀྱི་ ལག་ལེན་དངོས་སུ་ཞུགས་ནས་ཚོད་ལྟ་གང་མང་བྱ་དགོས། ཚང་མའི་ཁ་དཔེར། བརྟག་དཔྱད་ཞིབ་འཇུག་མ་བྱས་ན།། སྐད་ཆ་བཤད་པའི་དབང་ཆ་མེད་ཅེས་པ་ལྟར། ང་ཚོའི་སྐད་ཡིག་སློབ་ཁྲིད་ལ་ཡང་རྒྱུན་པར་བརྟག་དཔྱད་དང་ཞིབ་འཇུག་ནན་པོ་བྱས་ནས་སྔར་ཡོད་ཀྱི་སྲོལ་ངན་དོར་ཞིང་ཁྱོན་ཡོངས་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་ཁ་དང་མཐུན་པར་བྱ་དགོས། དུས་ནམ་ཡང་སྲོལ་རྒྱུན་དང་སྲོལ་རྒྱུན་མི་ཟེར་བར་རྒན་པའི་ཉམས་མྱོང་དང་གཞོན་པའི་བློ་རིག་ཟུང་དུ་སྦྲེལ་ནས་སློབ་ཁྲིད་བྱ་དགོས་པ་ལས། རྒན་པའི་འགྲོ་ཤུལ་དུ་གཞོན་པ་ཡང་དེ་བཞིན་དུ་འགྲོ་དགོས་པ་ཡིན་ན་ཡར་ཐོན་དང་གོང་འཕེལ་ཡོང་བ་དཔེ་མི་སྲིད་དོ།།
སློབ་ཁྲིད་ཀྱི་ཐབས་ཤེས་ནི་ས་མི་དང་ཡུལ་མིར་བརྟེན་ནས་འགྱུར་བ་འགྲོ་བཞིན་ཡོད་དེ། ཡུལ་ཕྱོགས་སོ་སོའི་སློབ་མ་ཡོད་ཚད་ལ་ཐབས་ཤེས་གཅིག་སྤྱད་ནས་སློབ་ཁྲིད་བྱེད་པ་ནི་ཆེས་རྨོངས་པ་དང་ཐབས་ཞན་པའི་བྱ་བ་ཞིག་རེད། དེ་ལས་དགེ་རྒན་རང་ཉིད་ནས་ཐབས་ཤེས་སོ་སོར་ཚོད་ལྟ་དང་ཞིབ་འཇུག་གང་མང་བྱ་དགོས་པ་གལ་ཆེ་སྙམ། ཕྱོགས་གཅིག་ནས་སློབ་ཆུང་གི་རིམ་པ་དམའ་བའི་འཛིན་གྲྭ་ལ་ཁ་རྒྱུགས་དང་འདོན་རྒྱུགས་ཙམ་ལ་མི་དམིགས་པར་ཚོགས་ཐུན་གྱི་གསུམ་ཆ་གཅིག་གི་དུས་ཚོད་ནང་ཀློག་འདོན་སློབ་པ་དང་ནང་དོན་གནད་བསྡུས་ཙམ་ཁྲིད་རྗེས། ཚོགས་ཐུན་གྱི་གསུམ་ཆ་གཉིས་ཀྱི་དུས་ཚོད་ནང་འབྲི་སྦྱོང་བྱས་ན་ཅུང་བཟང་པོ་ཡོད། ནམ་རྒྱུན་ཨ་མཆོད་ཀྱིས་ཆོས་ཀློག་པའི་དཔེ་རུ་མི་འགྲོ་བར་འཚལ། ཕྱོགས་གཉིས་ནས་སློབ་ཆུང་གི་རིམ་པ་མཐོ་བའི་འཛིན་གྲྭ་ལ་ཚོགས་ཐུན་གྱི་གསུམ་ཆ་གཅིག་གི་དུས་ཚོད་ཆ་སྙོམས་བྱས་ནས་སོ་སོ་ཀློག་འདོན་དང་ནང་དོན་འགྲེལ་བ།འབྲི་སྦྱོང་དང་རྩོམ་འབྲི་བྱེད་དུ་བཅུག་ན་བཟང་། ང་ཚོའི་དགེ་རྒན་མང་ཆེ་བས་སློབ་ཁྲིད་ཀྱི་དུས་ཚོད་བགོ་སྟངས་དང་སློབ་ཁྲིད་ཀྱི་གཙོ་ཕལ་དབྱེ་འབྱེད་བྱ་བའི་ཐད་ལ་ཐབས་ཤེས་ཅུང་ཞན་གྱིན་འདུག།
གཉིས་པ། སྐད་ཡིག་དགེ་རྒན་གྱི་ཚད་གཞི།
དགེ་རྒན་རང་ཉིད་ནས་ཤེས་བྱའི་ཚད་དང་རིག་གནས་ཀྱི་ཚད་མཐོར་འདེགས་སུ་གཏོང་བ་གཙིགས་སུ་འཛིན་དགོས་པ་སྟེ། དེང་དུས་ཀྱི་ཚན་རྩལ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སློབ་མའི་ཤེས་ཚད་དང་མཐོང་ཚད་སོགས་ཀྱང་སྔར་དང་མི་འདྲ་བར་ཐབས་ལམ་འདྲ་མིན་ལས་ཤེས་ཐུབ་པ་དང་མཐོང་ཐུབ་པས། དགེ་རྒན་གྱིས་མཐའ་གཅིག་ཏུ་ཚེ་གཅིག་ལ་སློབ་སྦྱོང་བྱ་དགོས་པ་སྟེ། དཔེར་ན་གཞན་ལ་ཆུ་ཕོར་བ་གང་སྟེར་དགོས་ན་ཐོག་མར་རང་ཉིད་ལ་ཆུ་ཟོམ་གང་ཡོད་དགོས་ཞེས་པ་ལྟར་རོ།། ད་དུང་དུས་རབས་གསར་བའི་དགོས་མཁོ་དང་ཚན་རྩལ་རང་བཞིན་གྱི་ཤེས་བྱ་རྒྱུད་ལ་འབྱོར་དགོས་ལ། དཔེར་ན་སློབ་ཁྲིད་སྐབས་སུ་སྨྱན་མང་གཟུགས་བཀོལ་ནས་སློབ་ཁྲིད་བྱེད་པ་དང་ཡང་ན་དྲྭ་ལམ་སོ་སོ་ནས་སྐད་ཡིག་སློབ་ཚན་ཚད་གཞི་ལྟར་སློབ་ཁྲིད་བྱེད་པའི་ཐབས་ལམ་ལ་སློབ་སྦྱོང་བྱེད་པ་སོགས་ཤིན་ཏུ་མང་ངོ་།།
གསུམ་པ། སློབ་ཁྲིད་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་བ།
སློབ་ཁྲིད་ཀྱི་བྱང་ཚད་མཐོར་འདེགས་སུ་གཏང་དགོས་ན། མཐའ་གཅིག་ཏུ་ཐབས་ཤེས་ཙམ་དང་རང་ནུས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་ཙམ་གྱིས་མི་ཆོག་པར། སློབ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་སློབ་མའི་སློབ་སྦྱོང་བྱ་བའི་མོས་པ་བསྐྱེད་བསྲིང་གང་ལེགས་བྱ་དགོས། མོས་པ་ནི་སློབ་སྦྱོང་དང་བྱ་བ་གང་ཞིག་འགོ་བརྩམས་པའི་སྒུལ་ཤུགས་དང་བྱ་བ་བདེ་ལེགས་ངང་འགྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཉག་གཅིག་ཡིན་པས་མོས་པ་སྐྱེད་སྲིང་བྱ་རྒྱུ་དང་། མོས་པ་དེ་ལ་བརྟེན་ནས་ཚད་ལྡན་གྱི་སློབ་ཁྲིད་ལ་སྦྱོང་བ་ནན་གྱིས་མཛད་ན་ད་གཟོད་སློབ་ཁྲིད་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་ཐུབ། མདོར་ན། སློབ་ཁྲིད་ཀྱི་བྱང་ཚད་མཐོ་འདེགས་སུ་གཏོང་བ་ནི་དེ་ཙམ་གྱི་ལས་སླ་མོ་ཞིག་མིན། འདི་ནས་རང་གི་མྱོང་ཚུལ་འགའ་ཞུས་པས་ཀུན་ནས་འཐད་མིན་བརྟག་དཔྱད་དང་ཞིབ་འཇུག་བྱ་བར་འཚལ།།
༼ བྲག་མགོ་རྫོང་ཤིས་མདོ་སློབ་ཆུང་གི་དགེ་རྒན་མེ་པུས་ཀྱིས་བྲིས། ༽
炉霍县新都小学
麦比