国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ཚོགས་དམངས་སྲོལ་ལས་མནའ་ཡི་སྐོར།

བོད་ཀྱི་གནའ་རབས་ཁྲིམས་སྲོལ་དུ་བསྙོན་ཅན་ལ་མནའ། གྱོད་ཅན་ལ་གཟུ། དྲི་མ་འཁྲུད་པ་ལ་ཆུ།མི་སྙིང་འཁྲུད་པ་ལ་མནའ་ཞེས་བོད་ཀྱི་སྤྱི་ཚོགས་སུ་དར་སོ་ཆེ་བའི་མནའ་ཞེས་བྱ་བ་ནི། སྤྱིར་བཏང་དུ་རྟེན་གསུམ་སོགས་དཔང་དུ་བཞག་སྟེ། དགེ་མི་དགེ་བའི་ལས་དག་དྲང་པོ་དྲང་བཞག་དང་། སྣོག་འདྲེ་ཚུལ་འཆོས་སྡོམ་པར་དམ་བཅའ་བའམ་རང་གཞན་ཡིད་ཆེས་འདྲོངས་པའི་འདུ་ཤེས་རྣལ་མ་མཚོན་བྱེད་ཀྱི་ལུས་ངག་གི་བྱ་བྱེད་དང་ཆོ་ག་སྤེལ་ལུགས་ཤིག་ལ་མནའ་ཞེས་བརྗོད་པའོ།།

གཅིག། མནའ་དང་མནའི་བྱུང་བ།

དེ་ཡང་བོད་ཀྱི་གནའ་བོའི་ཁྲིམས་སྲོལ་དང་། རྡོ་རིང་ཡི་གེ། ཏུན་ཧོང་ཡིག་ཆ་སོགས་ལོ་རྒྱུས་ཡིག་ཆ་དག་ལ་བརྟག་ཅིང་དཔྱད་ན། མནའ་བསྐྱལ་བ་ལ་མནའ་མཁན་གང་ཟག་གི་རིགས་ཀྱི་མཐོ་དམན་ཁྱད་པར་ལས། ཐ་ཚིག་འགོད་པ་དང་། བྲོ་བོར་བ། དབུ་སྙུང་བ། དབུ་མནའ། གཙིགས་འཛིན་པ། དམ་ཚིག་སྲུང་སྡོམ་ཞེས་པ་སོགས་མིང་བརྡ་མི་གཅིག་པ་དུ་མ་སྣང་ལ། དོན་དངོས་སུ་མིང་བརྡ་དེ་དག་ཐམས་ཅད་ཀྱིས་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་དང་། ས་ཁུལ་དང་ས་ཁུལ་གྱི་བར། ཁྱིམ་དང་ཁྱིམ་གྱི་བར། མི་དང་མིའི་བར་གྱི་དོན་གནད་གང་ཞིག་ཡིན་མིན་དང་ཡོད་མེད། འགྲིག་མིན་དང་བགྱིས་མིན་སོགས་དཔང་དང་འབྲེལ་ནས་ཤན་འབྱེད་དམ་བདེན་པ་བདར་བའི་ལས་དག་བྱེད་བཞིན་པ་དེ་དག་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་ཟད། དེའི་བྱུང་བ་ནི་རིག་གནས་རང་ངོས་ཀྱི་ཁྱད་ཆོས་རེ་གཉིས་མ་གཏོགས་སྤྱིའི་ཆ་ནས་ཡུལ་སྲོལ་གོམས་གཤིས་གཞན་ལས་མ་འདས་པས། རང་བྱུང་ཁམས་ཀྱི་འགྲེལ་དཀའ་ཞིང་མིང་མི་ཐོགས་པའི་ཡ་མཚར་ཅན་གྱི་སྣང་ཚུལ་སྣ་ཚོགས་དང་། ང་ཚོའི་ལུས་སེམས་ཀྱི་སྟེང་ནས་མངོན་པའི་བྱ་བྱེད་དང་འཕྲོ་འདུ། དེ་ལས་འཕྲོས་པའི་འདུ་ཤེས་འཛིན་སྟངས་ཀྱི་རྨང་གཞིའི་སྟེང་། རྣམ་པ་དང་ངོ་བོ་མི་འདྲ་བའི་དད་པ་བྱ་ཚུལ་དང་། ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་རྒྱུ་རྐྱེན་ལ་བརྟེན་ནས་དར་ཞིང་གཞི་ཚུགས་པ་ཞིག་རེད། དེའི་ཕྱིར། འདིར་བརྗོད་པའི་བོད་ཀྱི་མནའ་སྲོལ་རིག་པ་འདི་ཡང་རང་བྱུང་ཁམས་ལ་བཟུང་བའི་འདུ་ཤེས་དང་། སྤྱི་ཚོགས་ཀྱི་སྒྲིག་གཞི་སྣ་ཚོགས་ཀྱི་གདམ་ག་དག་དང་བསྡོངས་ནས་རིམ་གྱིས་འཕེལ་རྒྱས་སུ་བྱུང་བར་ངོས་འཛིན་བྱེད་དགོས་ལ། དེ་བཞིན་གདོད་མའི་ལོ་རྒྱུས་དང་ཆོས་ལུགས་ཀྱི་ཡིག་ཆ་མང་པོར་སྲིད་པའི་ལྷ་གཉན་མཐུ་བོ་ཆེའི་རིགས་དག་དམ་ལ་བཏགས་པའི་ལོ་རྒྱུས་དང་། རང་བྱུང་ཁམས་ལ་མཆོད་པ་བྱེད་པ།བླ་དང་རྣམ་ཤེས་ལ་དད་པ་བྱེད་པ་སོགས་ནི་མིའི་རིགས་ཀྱི་གོམས་སྲོལ་མང་པོ་ཞིག་གི་འབྱུང་རྐྱེན་དུ་གྲུབ་པས་ན། བོད་ཀྱི་མནའ་སྲོལ་རིག་གནས་ཀྱང་སྤྱིའི་ཆ་ནས་གཅིག་འདྲར་སྣང་ཡང་འདིར་ཟུར་དུ་བཀར་ཏེ་ཅུང་ཟད་བརྗོད་ན། ཚོ་བ་ཞེས་པའི་སྤྱི་ཚོགས་ཀྱི་འབྱུང་རྩ་དང་། ཆོས་ལུགས་དད་མོས་ཞེས་པའི་བསམ་བློའི་འབྱུང་རྩ་གཉིས་ནི་བོད་ཀྱི་མནའ་སྲོལ་རིག་གནས་བྱུང་བའི་ཁུངས་རྟེན་དུ་མཐོང་ངོ་། །

ཚོ་བ་ནི་མིའི་རིགས་སྤྱི་ཚོགས་སུ་ཆེས་སྔ་བའི་ཚོགས་པའི་སྒྲིག་གཞི་དང་།གདོད་མའི་སྤྱི་ཚོགས་ཀྱི་རྩ་བའི་རྩ་འཛུགས་ཤིག་ཡིན། མའོ་ཨར་གུན་གྱིས། ཚོ་བ་ནི་མིའི་རིགས་ཀྱི་ཀླ་ཀློའི་དུས་རབས་ཀྱི་རྩ་འཛུགས་ཆ་ཚང་ཞིག་སྟེ། ཁོ་ཚོ་བ་རེ་རེ་ཚང་མར་རང་ལ་རང་མིང་ཡོད་པ་དང་། རང་ལ་གཞན་དང་མི་མཚུངས་པའི་སྐད་ཆ་ཡོད་པ། རང་ལ་རང་གི་ཆེས་མཐོ་བའི་སྲིད་འཛིན་ཡོད་པ། རང་ལ་རང་གིས་དབང་འཛིན་དང་སྲུང་སྐྱོང་བྱེད་པའི་མངའ་ཁོངས་ཡོད་པའི་གདོད་མའི་སྤྱི་ཚོགས་ནས་གྲལ་རིམ་སྤྱི་ཚོགས་སུ་ཐོད་བརྒལ་བྱེད་པའི་ཁྱད་པར་ཅན་གྱི་སྤྱི་ཚོགས་ཀྱི་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན་པ་ཕུགས་སུ་བསྟན་འདུག་ལ། བྲན་གཡོག་སྤྱི་ཚོགས་སོགས་སུ་འཕེལ་བའི་བརྒྱུད་རིམ་དུ་ད་གཟོད་དབུལ་ཕྱུག་དང་། བཙན་གཉོམ། མངའ་ཁོངས་ཆེ་ཆུང་སོགས་ཀྱི་ཁྱད་པར་ལས་ཚད་མི་འདྲ་བའི་འཕྲོག་རྩོད་དང་འཐབ་མོ་སྣ་ཚོགས་བྱུང་བར་བརྟེན་རང་སྲུང་དང་རང་བཙན། འཇིགས་ཟློག་དང་སྐྱབས་བཅོལ་གྱི་དབང་གིས་མི་རྣམས་སྤྱི་ལ་འབྲེལ་འདྲིས་ཀྱི་དགོས་མཁོ་དང་དེར་བསྟུན་གྱི་ཡིད་ཆེས་བློས་ཐུབ་ཀྱི་མནའ་འཇོག་གི་གོམས་སྲོལ་ཡང་བྱུང་བར་སྙམ།

དེ་ཡང་ཆོས་ལུགས་དད་མོས་ཀྱི་བསམ་བློ་དང་བྱ་བྱེད་སྣ་ཚོགས་ནི་བོད་ཀྱི་མནའ་སྲོལ་རིག་གནས་བྱུང་བའི་རྒྱབ་ཆོས་གཙོ་བོ་ཞིག་སྟེ། མདོ་དབུས་མཐོ་སྒང་ནི་ས་བབ་རྩུབ་ལ་གསོ་རླུང་ཞན་པ་དང་། དབྱར་དགུན་གྱི་ཚ་གྲང་ཆེ་ལ་ཁངས་ཆར་གྱི་གནོད་པ་མང་བ་སོགས་རང་བྱུང་གི་འཇིགས་པ་མང་བས། འདིར་འཚོ་སྡོད་བྱེད་པའི་བོད་སྔ་རབས་པ་རྣམས་ཀྱིས་རི་སྐྱེས་ཟས་རིགས་འཚོལ་སྡུད་དང་། རི་དྭགས་ན་པ། ཞིང་ཕྱུགས་ལས་རིགས་གང་ཞིག་གཉེར་བ་ཡོད་ཚད་ལ་དུས་དང་རྣམ་པ་ཀུན་ཏུ་འབྲུག་གྲག་པ་དང་། གློག་འཁྱུག་པ། ཐོག་འབེབ་པ། ཆུ་ལོག་རྒྱུག་པ། རླུང་འཚུབ་གཡུག་པ། ས་འགུལ་བ། མཚོ་འཁྱོམ་པ། ཉི་འཛིན་བྱུང་བ། གངས་ཆག་ལྷུང་བ། ཐན་སྐྱོན་བྱུང་བ་སོགས་ཀྱིས་གནོད་འཚེ་གཅིག་རྗེས་གཉིས་མཐུད་དུ་བྱུང་བས། མི་རྣམས་ཀྱིས་རང་ཉིད་ལས་ཆེས་ཆེར་བརྒལ་བའི་སྟོབས་ཤུགས་ཤིག་ལ་ལྷར་བཏགས་ཤིང་། དེའི་སྡུག་བསྔལ་ཡོད་ཚད་ལས་སྐྱོབ་ཐུབ་པའི་གནའ་མིའི་སྤྱི་ཚོགས་སུ་ཆེས་ཐོག་མའི་ཆོས་ལུགས་ཀྱི་འདུ་ཤེས་བྱུང་ཞིང་། དེ་ནས་རང་བྱུང་དང་འཚོ་བའི་འགྱུར་ལྡོག་ལྟར་ལྷ་ཀླུ་གཉན་གསུམ་སོགས་རང་བྱུང་ལ་དད་མོས་དང་། སྟག་སེང་ཁྱུང་འབྲུག་སོགས་ཡབ་མེས་ལ་དད་པའི་བརྡ་རྟགས། ཡུལ་ལྷ་དང་། ཕོ་ལྷ། དགྲ་ལྷ། སྲོག་ལྷ། མོ་ལྷ་བཅས་འགོ་བའི་ལྷ་སོགས་བྱུང་ཞིང་དེ་དག་ལ་ཡིད་ཆེས་དང་དད་གུས་བྱེད་པའི་མི་རྣམས་ཀྱི་ལས་ཀྱི་བྱ་བྱེད་དང་། ནང་གི་དྲན་འཆར་ཡོད་ཚད་ལྷས་བཀོད་འདོམས་དང་ཤན་འབྱེད་ཀྱི་སེམས་བྱུང་དུ་འདུག་པས་ལྷ་དང་མིའི་བར་དང་། མི་དང་མིའི་བར་གྱི་རིག་གནས་ཏེ། དད་གུས་དང་། ཡིད་ཆེས། དེ་མ་ཟད་ད་དུང་ཆོས་ལུགས་གཞུང་ལུགས་མང་དུ་རྒྱས་པ་དང་བསྟུན་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གྱི་མནའ་སྲོལ་རིག་གནས་རྣམས་དར་རོ་སྙམ།

གཉིས། མནའ་རྟེན་དང་

མནའ་ཆས་སོགས།

གཤམ་ནས་དོན་ཚན་གྱི་ཁ་བྱང་དུ་བསྡུས་བཀོད་བྱས་པའི་ནང་དོན་ཏེ། མནའ་རྟེན་དང་། མནའ་ཆས། མནའི་སྤང་བྱ་བཅས་རེ་རེ་བཞིན་བརྗོད་པར་བྱ་རྒྱུ།

༡.མནའ་རྟེན། མནའ་རྟེན་ཞེས་པ་ནི་ལེགས་ཉེས་བླང་དོར་གྱི་མཐའ་མའི་ཐག་གཅོད་དང་གཏན་འཁེལ་གྱི་དོན་དག་གང་རུང་གི་ཕྱི་འབྲས་དང་། ཁས་བླངས་དམ་བཅའ་བཀོད་པའི་བདེན་དཔང་ངམ་དཔང་རྟེན་དུ་ཆེད་དུ་གསོལ་བའི་བླ་མེད་དཀོན་མཆོག་དང་། ངོ་བོ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ཆོས་སྐྱོང་། ཟག་བཅས་ཀྱི་མངོན་ཤེས་དང་རྫུ་འཕྲུལ་མཆོག་ཏུ་མངའ་བའི་སྲུང་མ། བླ་སྤྲུལ་སྐྱེས་ཆེན། ཉི་ཟླ་སྐར་གསུམ། ཕ་མ་སྤུན་མཆེད། བུ་དང་བཟའ་ཟླ། ལྷ་ཁང་ཆོས་ཁང་སོགས་མནའ་མཁན་དང་མནའ་གཟུ་གཉིས་ཀྱིས་ཡིད་རྟེན་འཕེར་བའི་དཔང་པོ་ཞིག་ལ་མནའ་རྟེན་ཞེས་གོང་སོང་གི་རི་ཆུ་བྲག་གསུམ་དང་། ཉི་ཟླ་སྐར་གསུམ། སྐྱེ་དངོས་རྩི་ཤིང་སོགས་ཀྱིས་མཚོན་པའི་རང་བྱུང་ཁོར་ཡུག་གི་གྲུབ་ཆ་དང་། ཡབ་མེས་བླར་དད་དང་། ཆོས་གཞུང་རྟེན་གསུམ་སོགས་ཀྱིས་མཚོན་པའི་དད་མོས་རིག་གནས་ཀྱི་གྲུབ་ཆ་སྟེ། མནའ་རྟེན་ལ་སྤྱིའི་ཆ་ནས་མཐའ་གཅིག་ཏུ་ངེས་པ་མེད་ཀྱང་དེ་ཉིད་མི་འགྱུར་བའི་རྟེན་དུ་བྱེད་ཞིག་ཡིན་ཏེ། མནའ་སྡོང་དང་། མནའ་རི། མནའ་ཆུ། མནའ་ཐོ་སོགས་བཤད་སྒྲོས་མང་། དེ་མིན་ད་དུང་སྔོན་གྱི་མནའ་བཅད་གྲོགས་པོ་ཆེ་གེ་མོ་དང་ངེད་གཉིས་ཀྱི་མནའ་རྟེན་ཡིན་ཞེས་བོད་ལུགས་ཀྱི་མེ་ཆ་རྙིང་བ་དང་། མདའ་གྲི་མདུང་གསུམ་རྙིང་པ་ཉར་ཚགས་བྱས་ཡོད་པ་དེང་སང་མཐོང་ཆོས་སུ་ཡོད་སྐད་ལ། དེང་སྐབས་མནའ་གྲོགས་ལ་མནའ་རྟེན་ཕུལ་སྲོལ་ཡོད།

དེ་ཡང་མནའ་དང་མནའ་རྟེན་ལ་མི་སྒེར་ལས་གཞན་རྒྱལ་ཁབ་ཕན་ཚུན་བར་དང་། མི་སྡེ་ཕན་ཚུན་བར་དུའང་མནའ་འབྲེལ་རྒྱལ་ཁབ་དང་། མནའ་འབྲེལ་ཚོགས་པ། མནའ་འབྲེལ་སྡེ་བ། མནའ་འབྲེལ་ཚོ་བ་སོགས་ཡོད་པ་དང་། དེ་དག་ལས་མནའ་རྟེན་དངོས་སུ་བཞག་མྱོང་ཡོད་པའི་དཔེ་ཙམ་བཀོད་ན། གནའ་བོའི་ཐང་བོད་དུས་སྐབས་ཀྱི་བོད་རྒྱའི་ས་མཚམས་གནད་དོན་ལས་འཕྲོས་པའི་མནའ་གཙིགས་སུ་དཀོན་མཆོག་རྣམ་གསུམ་དང་། ཁྱད་མཚར་འཕགས་པ། ཉི་ཟླ་སྐར་གསུམ་སོགས་དཔང་པོར་བཞག་སྟེ། མནའ་རྟེན་རྡོ་རིང་བསླངས་པ་ལྟ་བུ་དང་། དེ་མིན་བོད་རྒྱལ་སྲོང་བཙན་སྒམ་པོས། དྲིན་ཅན་མི་ཡི་ཡིད་མི་གཅོད།། ལྷ་ཡི་རྟ་ལ་སྒལ་མི་དབྱུང་།། ཞེས་ཡབ་གནམ་རུ་སྲོང་བཙན་སྐབས་ཀྱི་བློན་པོ་བྱས་རྗེས་ཅན་དབས་དབྱི་ཚབ་ཀྱིས་ཁྱིམ་དུ་གདན་དྲངས་པ་ལྟར་དངོས་སུ་ཕེབས་པ་དང་། ཕེབས་ནས་ཀྱང་བློན་ཆེན་པོ་གྲོངས་ན་དུར་ཁུང་བཙན་པོ་སྐུ་དངོས་ཀྱིས་བརྩིག་རྒྱུ་དང་། བློན་ཆེན་གྱི་བུ་དང་བུ་རྒྱུད་ཕྱི་མ་ལས་སུ་འོས་ཤིག་ལ་གསེར་ཡིག་གནང་རྒྱུའི་དབུ་མནའ་བཞེས་པ་ལྟར་དོན་འཁྱོལ་དུ་མནའ་རྟེན་བང་སོ་བརྩིགས་པ་ལྟ་བུ་ལས་ཀྱང་ཅུང་ཟད་རྟོགས་ཐུབ་བོ།།

༢.མནའ་ཆས། བཤད་རྒྱུན་དུ། མནའ་ཆས་གྱོན་མ་མྱོང་། མནའ་རྡོ་འཆིང་མ་མྱོང་། མནའ་ཤིང་བཅགས་མ་མྱོང་། ཞེས་པ་ལྟར་མནའ་ཆས་སུ་ལུས་ལ་གྱོན་རྒྱུ་དང་། ལག་ཏུ་འཛིན་རྒྱུ། གདན་དུ་འདིང་རྒྱུ། བྲང་ལ་འཇོག་རྒྱུ་སོགས་དང་། དེ་མིན་མནའ་ཡི་དགོངས་གཞི་དང་མི་འགལ་བའི་དམིགས་བསལ་གྱི་ཆས་གོས་སམ། ཡང་ན་མནའ་སྐྱེལ་ཉིན་གྱི་གོས་དང་རྒྱན་ཆ་ཡོད་ཚད་མནའ་ཆས་ཀྱི་གྲས་སུ་བཞག་ཀྱང་མི་ཆོག་པ་མེད་སྙམ་ལ། གནའ་བོའི་ལག་ལེན་དངོས་སུ་མནའ་མིའི་འོས་ཆས་ཆ་ཚང་བ་ཞིག་རྙེད་ན་དེ་དང་། རྙེད་མིན་གྱི་སྐབས་ཤར་ཚེ། བདེན་རྫུན་སྟོན་པའི་རྡོ་ལྕགས་སྣུམ་ལེན་དང་འདམ་སྐོལ་ཆུ་ལག་སོགས་བྱེད་ཅེས་པ་དང་། ལུས་གཅེར་བུར་བྱས་ལ་ཀོ་མར་གདན་དུ་གཏོང་བ་དང་། གྲོད་པ་ཁྲག་གིས་བཀང་བ་བྲང་ལ་འཇོག་པ་ ཞེས་དང་། མནའ་བྱེད་ན་གསེར་སྐྱེམས་མནའ་ཆུ་སོགས་ཆས་འགྲིག་པ་དང་། རྡོ་སྣུམ་འདམ་བསྐོལ་ཆུ་ལག་བྱེད་ན་ལྷ་གསོལ། ལྷ་གདན། མགར་བའི་ཆས། རྡོ་གས་གྲུམས་མེད་པ། ཟངས་སམ་ལྕགས་སླང་གང་རུང་གི་མགོ་ནུབ་ཅེས་པ་སོགས་ལས་མནའ་ཆས་ལ་རིགས་མང་པོ་ཞིག་ཡོད་པ་རྟོགས་ཐུབ་པ་དང་། གོས་སོགས་ཁ་དོག་གི་ཆ་ནས་སྡིག་སྤྱོད་སྡོམ་པའི་མནའ་དམ་འཇོག་པ་ལ་གོས་དམར་པོ་གྱོན་སྲོལ་ཡོད་སྐད་ལ་གཞིགས་ན། དེའི་ཟླས་དྲངས་པའི་དཀར་ཕྱོགས་དགེ་ལས་དང་འབྲེལ་བའི་མནའ་སྐྱེལ་སྐབས་སུ་དེ་མཚུངས་ཀྱི་ཆས་གོས་སྤྱོད་སྲོལ་ཞིག་ཀྱང་ཡོད་པ་རིགས་པས་དཔོག་ཐུབ་བོ། །

༣.མནའི་སྤང་བྱ། སྤང་བྱ་དང་འཛེམ་བྱ་ནི་བྱ་བྱེད་ཀྱི་ལས་རིགས་གང་དེ་སྤྱི་ཚོགས་སུ་ཡུན་རིང་སོང་བ་དང་། ད་དུང་ཡང་མུ་མཐུད་དུ་རྒྱུན་སྤེལ་གྱི་རེ་སྨོན་འགྲུབ་པའི་ཐབས་དང་ཁྲིམས་བུ་ཆུང་ཞིག་ཏུ་གོ་དགོས་སྙམ། བོད་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་ཡིག་ཐོག་གི་ཁྲིམས་སྲོལ་བྱུང་བ་དང་། དེ་ཡང་སྐབས་དེར་མི་ཆོས་གཙང་མ་བཅུ་དྲུག་དང་། ཁྱད་པར་མི་དགེ་བཅུ་སྤོང་གི་ཁྲིམས་མཛད་ཅིང་། དེ་དག་གི་ནང་དུ་རྫུན་སྤོང་བའི་ཁྲིམས་སུ་ལྷ་སྲུང་དཔང་དུ་བྱས་ནས་མནའ་དམ་འཇོག་པ་སོགས་གཏན་འབེབས་གནང་བ་སྟེ། མནའ་དང་དམ་བཅའ་སྲོག་ལྟར་གཅེས་པར་འཛིན”ཞེས་པ་ལྟར་བོད་མི་རིགས་ཀྱིས་མནའ་ལ་ཆེས་བརྩི་མཐོང་བྱེད་པས་མནའི་བོད་ཀྱི་སྤྱི་ཚོགས་སུ་ལེགས་ཉེས་བླང་དོར་གྱི་ཞུ་སྒོའི་རིམ་པ་དང་འབྲེལ་བའི་རྩ་བའི་བླང་བྱ་གསལ་སྟོན་གནང་ལ། ལྟོས་འབྲེལ་གྱི་དུས་ཡུན་རིང་བོར་མནས་བོད་མི་རིགས་ཀྱི་གཞི་རྩའི་གཤིས་སྤྱོད་དང་སྤྱི་ཚོགས་བདེ་འཇགས་ཐད་གཞོགས་འདེགས་དང་། དྲང་བདེན་གྱི་ཁ་ཕྱོགས་ངེས་ཅན་ཞིག་གསལ་སྟོན་གནང་ཡོད་པ་དཔོག་ཐུབ། དེ་བཞིན་བོད་ཀྱི་ལོ་རྒྱུས་སྟེང་གི་ཆབ་སྲིད་པ་དང་བསམ་བློ་བ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་ཁོང་གི་སྔ་ཕྱིའི་བོད་ཀྱི་ཁྲིམས་འཛུགས་པ་དག་གིས། འདས་པའི་ལོ་རྒྱུས་ཁྲོད་མནའ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་ཤན་འབྱེད་པ་ལྟ་བུ་ཞིག་ཡིན་པར་བསམ་སྟེ། ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔའི་ནང་ཚན་བཅུ་གསུམ་པ་བསྙོན་ཧམ་མནའ་དག་གིས་ཞལ་ལྕེ་མཛད་པར་མ་ཟད། དེའི་ནང་དུ་སྔར་སོང་གི་ཉམས་མྱོང་བསླབ་བྱ་ལྟར་མནའ་དམ་སྤང་བྱ་བཞི་ཡང་གཏན་དུ་འཁེལ་བ་སྟེ། གསེར་བྱ་ངང་བ་འདམ་ལ་མ་འཛིན་ཞེས་སྐྱབས་ཡུལ་དམ་པར་བཞེངས་པའི་བླ་མ་དང་དགེ་བའི་བཤེས་གཉེན། དགེ་འདུན་བཙུན་པའི་རིགས་ནི་ཡུལ་གཉན་པ་དང་། ཡང་ན། མནའ་ནི་བཙུན་པའི་སྤང་བྱ་ཡིན་པས་དེ་དག་མནའ་ཡ་ལ་བསྡུ་མི་འོས་པ་དང་། གཡུ་ཆུང་དྲུག་དཀར་བསྟར་ལ་མི་བརྒྱུ་ཞེས་བྱིས་པ་བསམ་མེད་ཀྱི་རིགས་མནའ་བསྐྱེལ་སྒོག་གི་གྲས་སུ་མི་འཇུག། དེའི་དོན་ནི་བུ་ཆུང་གིས་ཁེ་ཉེན་མི་རྟོགས་པས་མནའ་བཟའ་བར་འགྱུར་ཞིང་མཐར་མི་ཤིས་པའི་ཕྱིར་དང་། བྱ་རོག་ནག་པོ་རྙི་ལ་མི་འཛིན་ཞེས་བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་དང་མཛའ་བོའི་ཕྱིར་དུ་མནའ་བཟའ་ངེས་གཤིས་དེ་ཡང་མནའ་མིར་བསྡུ་མི་རུང་། དུག་སྦྲུལ་ནག་པོ་རྙི་ལ་མ་འཛིན་ཞེས་སྔགས་པ་མཐུ་ནུས་ཅན་གྱིས་རྫས་སྔགས་ལ་བརྟེན་ནས་མནའ་སེལ་གྱི་ནུས་པ་ཡོད་སྟབས་མནའ་ཡར་མི་བསྡུ་བ་བཅས་སོ། །

དེ་བཞིན་མནའ་སྲོལ་རིག་གནས་ཀྱི་ཐོག་མཐའ་བར་གསུམ་ཐམས་ཅད་ལ་བལྟས་ན།ཆོས་ལུགས་དང་ཡུལ་ཆོས་སུ་འབྲེལ་མེད་པ་ཞིག་གཏན་ནས་ཡོད་མི་སྲིད་པས། ཆོས་ལུགས་མི་གཅིག་པ་དང་། ཁ་བཤད་དོན་ལ་མི་གནས་པ། ལས་དང་རྒྱུ་འབྲས་མི་བརྩི་བ། དོན་གྱི་ཧ་མི་གོ་བ། སྤྲང་བོའམ་འཁྱམས་པོ་ནི་མནའི་སྤང་བྱ་དང་། ཡང་ན། མནའ་ཡར་མི་རུང་བའི་ལུས་རྟེན་ནོ། །( མུ་འགོད།) ༼ གཅན་ཚ་བཀྲ་བྷོས་བརྩམས་པའི《དམངས་སྲོལ་རིག་པའི་སྤྱི་དོན》ལས་དྲངས་ཤིང་རྟ་མགྲིན་རྡོ་རྗེས་པར་བླངས།༽