国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་མོ་ལ་སྟོད་པ་ཡུལ་ཤོག་གིས་རིམས་འགོག་དང་སྟོན་བསྡུ་གཉིས་ཀ་འགོར་ འགྱངས་མེད་པ་བྱས།

གྲོང་མི་རྣམས་ཀྱིས་སྟོན་བསྡུ་བྱེད་བཞིན་པའི་ཚུལ།

སྤྱི་ཟླ9པའི་ཚེས18ཉིན། ལི་ཐང་རྫོང་མོ་ལ་སྟོད་ཡུལ་ཤོག་གི་གྲོང་སྡེ་ཁག་གི་ཞིང་ནང་དུ་སྟོན་བསྡུའི་ལས་ལ་བྲེལ་བཞིན་འདུག། སྟོན་བསྡུ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱ་ཆེད། མོ་ལ་སྟོད་ཡུལ་ཤོག་གིས་རིམས་ཚུལ་འགོག་ཟོན་བརྟན་སྲུང་བྱས་པ་དང་ཆབས་ཅིག། ཕྱོགས་མང་པོར་ཤུགས་མཉམ་འདོན་བྱས་ནས་སྟོན་བསྡུ་དུས་ཚོད་དམ་འཛིན་བྱས་ཏེ་བརྔ་བསྡུ་བྱེད་དགོས་རྒྱུ་ཚང་མ་སྡུད་ཐུབ་རྒྱུར་འགན་ལེན་བྱས་ནས་རིམས་ཚུལ་འགོག་ཟོན་དང་སྟོན་བསྡུ་ཕྱོགས་གཉིས་ཀ་དམ་འཛིན་དང་འགོར་འགྱངས་མེད་པ་བྱས།

རྩིས་འདྲ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་རྒྱ་མཚོས“རྩིས་འདྲ་གྲོང་སྡེ་དེ་ཡུལ་ཤོག་འཕྲོད་བསྟེན་ཁང་དང་ཧ་ལམ་སྤྱི་ལེ་དྲུག་ཙམ་རྒྱང་ཞིང་། འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་ཉིན་རྟག་པར་སྟོན་བསྡུ་སའི་ཡུལ་དངོས་སུ་སོང་ནས་མང་ཚོགས་ལ་ཉིང་སྐྱུར་དཔེ་དཔྱད་བྱས་མཐར། སྟོན་བསྡུ་པའི་དུས་སུ་མང་ཚོགས་རྣམས་ཕྱོགས་གཉིས་ཀར་རྒྱུག་དགོས་པའི་གནད་དོན་ཐག་གཅོད་བྱས་པ་དང་། ད་ལྟ་ཡུལ་ཤོག་གི་ལས་བྱེད་པ་ཚོ་ང་ཚོར་སྟོད་སྡུད་པར་རོགས་བྱེད་སར་སླེབས་པས་ད་ལོའི་ལོ་ལེགས་བྱུང་བར་གནད་དོན་ཆེན་པོ་མི་འདུག”ཅེས་བཤད།

ཉིན་བསྟུད་མའི་རིང་། མོ་ལ་སྟོད་ཡུལ་ཤོག་གིས་སྐད་འཕྲིན་ཚོགས་པ་དང་འཕྲིན་ཕྲན་སྤྱི་རྟགས། གྲོང་སྡེའི་རྒྱང་བསྒྲགས། དྲིལ་བསྒྲགས་བྱེད་ས་སོགས་བེད་སྤྱོད་གང་ལེགས་བྱས་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་རིམས་ནད་འགོག་ཟོན་གྱི་ཤེས་བྱ་དང་སྲིད་ཇུས་སྤེལ་ཐབས་སྒྲོག་འགྲེལ། སྟོན་བསྡུ་གནས་ཚུལ། གནམ་གཤིས་ཆ་འཕྲིན། ཚད་ལྡན་གྱིས་ཞིང་སྤྱོད་འཕྲུལ་ཆས་བཀོད་སྤྱོད་བྱེད་སྟངས་སོགས་དྲིལ་བསྒྲགས་བྱས་ནས་ཞིང་པ་མང་ཚོགས་ཚོས་སྟོན་བསྡུ་རིང་ཞིང་སྤྱོད་འཕྲུལ་ཆས་བཀོད་སྤྱོད་བྱེད་སྟངས་ཚད་དང་ལྡན་པ། སྒྲིག་ལམ་མི་འགལ་མི་བ་དང་ཐེག་ཚད་མི་བརྒལ་བ། སྒྲིག་ལམ་འགལ་ནས་མི་མི་འཇོག་པ་བཅས་བྱས་ནས་སྟོན་བསྡུ་ལས་དོན་ཉེན་མེད་དང་གོ་རིམ་ལྡན་པ། ཚད་ལྡན་སྒོས་སྤེལ་བར་འགན་ལེན་བྱས་པ་རེད། ད་དུང་ཡུལ་ཤོག་དང་གྲོང་སྡེའི་རིམ་པ་གཉིས་ཀྱི་ལས་བྱེད་པ་དང་ཏང་མི། སྨན་དོན་མི་སྣ། ཞིང་ལས་ལག་རྩལ་མི་སྣ་བཅས་སྒྲིག་འཛུགས་ཧུར་ཐག་བྱས་ནས་གདོང་ལེན་ཞབས་ཞུ་རུ་ཁག་དང་ཞིང་འདེགས་ཞབས་ཞུ་རུ་ཁག་བཙུགས་ཏེ་ཞིང་ཁར་བསྐྱོད་ནས་རིམས་ནད་འགོག་ཟོན་ཡག་པོ་བྱེད་པ་དང་ཆབས་ཅིག་ཞིང་དུད་ཀྱི་བསམ་ཚུལ་དང་དཀའ་ངལ། དགོས་མཁོ་སོགས་ལ་རྒྱུས་ལོན་བྱས་ནས་མགྱོགས་མྱུར་ངང་རྒྱ་ཆེའི་ཞིང་དུད་རྣམས་ཀྱི་སེམས་ཁྲལ་དང་དཀའ་གནད་བསལ་བས་སྟོན་བསྡུའི་ཐོན་སྐྱེད་ཉེན་མེད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་ནུས་ལྡན་དང་སྟོན་བསྡུ་དུས་ཚོད་འགོར་འགྱངས་མི་བྱེད་པར་འབྲུ་རིགས་མཛོད་དུ་ཉར་བར་འགན་ལེན་བྱས་པ་རེད།

ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་སྐལ་བཟང་ཚེ་རིང་གིས་ཕྱིན་ཆད་མོ་ལ་སྟོད་པས་རིམས་ནད་འགོག་ཟོན་དང་དཔལ་འབྱོར་བརྟན་པོ། འཕེལ་རྒྱས་ཉེན་མེད་བཅས་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་གཟབ་ནན་དང་དྲང་བཞག་སྒོས་རིམས་ནད་འགོག་ཟོན་དང་་སྟོན་བསྡུའི་ཐོན་སྐྱེད་ཉེན་མེད་ཡོང་བའི་ལས་དོན་ལ་གཅིག་གྱུར་བཀོད་འདོམས་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

( རྟ་མགྲིན་རྡོ་རྗེས་བསྒྱུར། )