国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཡུན་ཙེ་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་སྐབས།

ཇུས་འགོད་ཞིབ་ཚགས་བྱས་ནས་ས་འགུལ་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ལས་དོན་མགྱོགས་སུ་སྤེལ་དགོས་ཞེས་གསུངས།

སྤྱི་ཟླ9ཚེས25ཉིན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཞིང་དཔོན་གཞོན་པ་ལི་ཡུན་ཙེ་དཀར་མཛེས་ཁུལ་དང་གཡག་རྔ་གྲོང་ཁྱེར་དུ“9·5”ཡི་ས་འགུལ་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཡུལ་བབ་དང་བསྟུན་པ་དང་། ཇུས་འགོད་ཞིབ་ཚགས་བྱས་ནས། གནོད་ཐེབས་མང་ཚོགས་སྐབས་སྡོད་བཀོད་སྒྲིག་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ་དང་། བསྐྱར་སྐྲུན་གྱི་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་དང་བསྐྱར་སྐྲུན་གྱི་དམིགས་འབེན་ཁ་གསལ་བཟོ་བ་བཅས་བྱས་ནས་གནོད་འཚེ་ཐེབས་ཡུལ་གྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་གོ་ལམ་སླར་གསོ་མགྱོགས་སུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

ལི་ཡུན་ཙེ་སྔ་རྗེས་སུ་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དང་། གདན་ཐོག་གྲོང་རྡལ། གཡག་རྔ་གྲོང་ཁྱེར་སྲིབ་སྨད་རྫོང་ཝང་ཀང་ཕིང་ཡུལ་ཤོག་དང་། ཞིན་མིང་ཡུལ་ཤོག་བཅས་སུ་ཕེབས་ཏེ། ཞིང་དུད་ཀྱི་ཁང་པ་ཉེན་ཁ་ཡོད་པ་བཤིག་པ་དང་། སྡོད་ཁང་བསྐྱར་སྐྲུན་དང་དེ་བཞིན་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྐབས་སྡོད་བཀོད་སྒྲིག་ལས་དོན་ལ་རྟོག་ཞིབ་དང་། འགྲོ་ལམ་འགག་པ་དང་ཉེན་ཁ་མྱུར་སེལ་གྱི་འཕེལ་རིམ་རྒྱུས་ལོན། ཐོན་ལས་དང་ལྗོངས་ཁུལ་ལ་གནོད་འཚེ་ཕོག་ཚུལ་ལ་ལྟ་ཞིབ་གནང་ཞིང་། གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་གྱི་གྲོས་འགོ་ལ་གསན་པ་རེད།

ལི་ཡུན་ཙེས་ནན་གསུང་གནང་དོན། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་གནོད་འཚེ་ཕོག་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་གཙིགས་སུ་འཛིན་རྒྱུ་མཐའ་འཁྱོངས་པ་དང་། མང་ཚོགས་ཀྱི་སྐབས་སྡོད་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་ཅིང་། ཡུལ་བབ་དང་བསྟུན་པ་དང་མི་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ། ཡུན་རིང་གནས་སྡོད་དང་གནས་སྐབས་གནས་སྡོད་ཟུང་འབྲེལ་བྱེད་པའི་བསམ་ཕྱོགས་སྤྱོད་པ་དང་། མང་ཚོགས་ཀྱིས་གཉེན་ཉེ་གྲོགས་པོར་བརྟེན་པ་དང་སྡོད་ཁང་གླ་བ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་བཀོད་སྒྲིག་བྱ་རྒྱུར་སྐུལ་མ་བྱས་ཏེ་གནོད་ཐེབས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་བརྒལ་ཐུབ་པའི་འགན་ལེན་བྱ་དགོས། ཉེན་ཁ་མེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འགྲིམ་འགྲུལ་དང་གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་སླར་གསོ་བྱས་ནས་ས་འགུལ་མ་ཡོང་གོང་གི་ཆུ་ཚད་དུ་སླེབས་པ་དང་། ཆུ་དང་སོལ་རླངས་མཁོ་འདོན་སོགས་ཀྱི་སྒྲིག་བཀོད་ནུས་པ་སླར་གསོ་ཡག་པོ་བྱས་ནས་གནོད་འཚེ་ཐེབས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་གནོད་རྗེས་ཉམས་གསོ་བསྐྱར་སྐྲུན་བྱ་ཆེད་འགན་ལེན་བྱ་དགོས། གནོད་འཚེ་ཐེབས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ནས་ཉམས་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ་དང་ལག་བསྟར་བྱེད་པ་དང་། བསྐྱར་སྐྲུན་འཆར་འགོད་ལག་བསྟར་དང་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་ཐད་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བརྒྱབ་ནས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱ་དགོས། གནོད་རྗེས་ཉམས་གསོ་བསྐྱར་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱས་ནས་དུང་དཀར་ལུང་པ་སོགས་ལྗོངས་ཁུལ་གྱི་ནུས་པ་གང་མགྱོགས་སླར་གསོ་ཐུབ་པ་བྱས་ཏེ་གནོད་ཐེབས་མང་ཚོགས་ལ་སྟོན་བསྡུའི་ཞིང་ལས་སྐྱེ་དངོས་འཚོང་རོགས་བྱེད་ཅིང་ལྗོངས་ཁུལ་སླར་གསོ་དང་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཞོར་ཐོན་གནོད་འཚེ་དང་ཐོན་སྐྱེད་ཉེན་མེད་ཀྱི་ལས་འཛོལ་འབྱུར་བར་ནན་འགོག་བྱ་དགོས།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྟོག་ཞིབ་ནང་ཞུགས་པ་རེད།། ( ཐུབ་ཀྱིས་བསྒྱུར།)