国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངག་ཐོག་དམངས་སྲོལ།

ངག་ཐོག་དམངས་སྲོལ་ནི་ཡི་གེ་མི་ཤེས་ཀྱང་མི་རིགས་ཀྱི་རིག་གནས་བསམ་བློའི་རྨང་གཞི་བརྟན་ཅིང་ཕུན་སུམ་ཚོགས་ལ་རང་རང་གི་ཐོན་སྐྱེད་ངལ་རྩོལ་གྱི་བྱ་བའི་ཉམས་མྱོང་དང་། དེ་ལས་ཐོན་པའི་བྱ་བྱེད་ཀྱི་རིམ་པ་སོགས་ངག་ནས་བརྒྱུད་སྤེལ་དང་གསོག་འཇོག་བྱས་དང་བྱས་བཞིན་པའི་དམངས་སྲོལ་གྱི་སྣང་ཚུལ་ཞིག་ལ་ཟེར་ཞིང་། དེར་གཙོ་བོ་དོན་བརྗོད་དམངས་སྲོལ་དང་། (གཏམ་དཔེ། ཁེད། བཤད་པ། )གླུ་གཞས་དམངས་སྲོལ། (ལས་གཞས། གླུ་ཁ་མཚར། གླུ་ཤགས། ལ་གཞས། ལོ་རྒྱུས་སྙན་ངག་སོགས། )སོགས་འདུ་བའོ།།

( ཁམས་པའི་འཛུམ་མདངས་སྤྱིའི་ཨང10131པའི་པར་ངོས་གཉིས་པའི་འཕྲོར་མཐུད།)

དེ་ཡང་མིའི་རིགས་བྱུང་ཚུལ་གྱི་ལྷ་སྒྲུང་སྟེ། སྐབས་འདི་ནས་རྟོགས་དགོས་པའི་དོན་གནད་ཅིག་ཡོད་པ་ནི་འཛམ་གླིང་གི་མིའི་རིགས་རིག་པ་སྨྲ་བ་དང་། ཆོས་ལུགས་སྨྲ་བ་སོགས་ཀྱི་ལྟ་བ་སྤྱི་ཆ་ནས་གཅིག་ཏུ་འཁེལ་བ་སྟེ། སྐད་ཆའི་བརྗོད་པ་ཅུང་མི་འདྲ་བ་མ་གཏོགས་མི་ནི་རང་བྱུང་གི་འབྱུང་བས་སྐྱེད་པ་ཡིན་པ་སྟེ། དཔེར་ན། རྒྱ་ནག་གི་ལྷ་མོ་ནིས་ཝས་འདམ་བག་གིས་མི་བཟོས་ནས་ཕུ་བཏབ་པའི་སྲོག་ལྡན་དུ་ཆགས་པའི་ལྷ་སྒྲུང་དང་། དཀོན་མཆོག་གིས་ཐོག་མ་ཕོ་ཡཱ་ཏང་བཟོས། དེ་ནས་མོ་ཞཱ་ཝ་བཟོས་ཤིང་དེ་གཉིས་ལ་ཕུ་བཏབ་པས་མི་རུ་འགྱུར་བའི་ཡོ་རབ་ཀྱི་ལྷ་སྒྲུང་ལྟ་བུ་དང་། ཡུན་ནན་ཝ་རིགས་ཀྱིས་བྲག་ཕུག་དང་ནཱ་ཞི་རིགས་ཀྱི་རྒྱ་མཚོ་ནས་བྱུང་བའི་ལྷ་སྒྲུང་། ཐའེ་ཝན་ཐེ་ཡཱ་མི་རིགས་ཀྱིས་བྲག་གསེབ་ནས་བྱུང་བའི་ལྷ་སྒྲུང་། དེ་མིན་སྒོང་ང་ལས་གྲོལ་བ་དང་ཀ་བེད། མེ་ཏོག། སྨྱུག་མ་སོགས་ལས་བྱུང་བའི་ལྷ་སྒྲུང་ཡང་མང་དུ་ཡོད་པར་མ་ཟད། པཱ་པི་ལུང་རྒྱལ་ཁབ་ལྟ་བུས་ལྷ་ཆེན་མཱ་ཏུའུ་ཁུ་ཡིས་རང་གི་ཁྲག་དང་ས་བརྫིས་ཏེ་མི་བཟོས་པ་དང་། དབྱིན་ཏའེ་ཨན་གྱི་ལྷ་ཡིས་ས་དམར་གྱིས་མི་བཟོས་ཤིང་མེར་བསྲེགས་ཏེ་མི་བསྐྲུན་པ། ཀྲོང་རིགས་ཀྱི་ལྷ་མོ་མུས་ལིག་ཅཱ་ཡིས་གཅིན་དང་ས་བརྫིས་ཏེ་མི་བཟོས་པ། ཧ་ས་ཁི་མི་རིགས་ཀྱི་འཇིག་རྟེན་བྱེད་པོ་ཅཱ་ས་ཀན་གྱིས་མི་བཟོ་བའི་གོ་རིམ་དུ། ཁོང་གིས་ཚེ་སྲོག་གི་སྡོང་བོ་ཞེས་པ་ཞིག་ཀྱང་བཙུགས་པར་རྣམ་ཤེས་ཀྱི་འབྲས་བུ་མང་པོ་སྨིན་པ་ལས་བྱའི་དབྱིབས་ཅན་འཕུར་ཐུབ་པ་ཞིག་བྱུང་པ་དེ། འདམ་མིའི་ཁ་ལ་ཕུ་བཏབ་པ་དང་ཆབས་ཅིག་ཁོང་བར་འཛུལ་དུ་བཅུག་ནས་མི་བཟོས་པ་སོགས་ནི་འཛམ་གླིང་གི་ས་ཁུལ་གླིང་ཆེན་ཨ་ཤེ་ཡ་ཤར་ནུབ་དང་། གླིང་ཆེན་ཨ་ཧྥེ་རི་ཀ་བྱང་མ། ཡོ་རབ་གླིང་ལྷོ་མ། གླིང་ཆེན་ཨ་མེ་རི་ཀ་སོགས་སུ་དུས་དང་རྣམ་པ་མི་འདྲ་བ་མ་གཏོགས་ནང་དོན་ཕལ་ཆེར་འདྲ་མཚུངས་སུ་ལྷ་དང་ལྷས་འདམ་བག་གིས་བཟོས་ཤིང་བྱུང་བར་གྲུབ་ལ། དེང་སྐབས་འཛམ་གླིང་གི་ཞིབ་འཇུག་པས་གཅིག་མཚུངས་ཀྱི་སྡོམ་ཚིག་ཅིག་ཀྱང་བཀོད་ཡོད་པ་སྟེ། གནའ་བོས་མི་རྣམས་ཀྱིས་རང་རང་གི་འཚོ་བའི་ཁོར་ཡུག་ཏུ་ལས་ཀ་ལྗིད་མོ་སྣ་ཚོགས་ཀྱི་སྐབས་སུ་ལུས་ནས་རྔུལ་ཆུ་ཟགས་པ་དང་། རྒྱུན་པར་གཙང་སྦྲ་སོགས་ཀྱི་སྲོལ་མེད་པར་བརྟེན་ཚིལ་རིལ་འབྱུང་སླ་བ་དང་། དེ་ཡང་དབྱིབས་སྣ་ཚོགས་སུ་ལས་སྣོན་བྱེད་སླ་བ་སོགས་ལས་སྟོང་བསམ་དང་རྟོག་འགྱུའི་བསྨ་བསམ་བློ་སྣ་ཚོགས་པ་བྱུང་བ་དག་ལྷ་ལ་སྦྱར་བ་དང་། རིམ་གྱིས་མིའི་རིགས་ཀླ་ཀློའི་དུས་རབས་དང་། དེ་ནས་དམུ་རྒོད་ཀྱི་དུས་རབས་སོགས་ཀྱི་སྐབས་སུ་སླེབས་པ་ན་འདམ་བག་གམ་རྫ་ཡིས་མིའི་རིགས་ཀྱི་འཚོ་བའི་མཁོ་ཆས་སྣ་ཚོགས་བཟོས་པ་དང་བཟོ་ཐུབ་པར་རིགས་བསྒྲེས་སམ་བསམ་གཞིག་ལ་བརྟེན་ནས་འདམ་བག་གིས་མི་བཟོས་པའི་ལྷ་སྒྲུང་ཡང་མང་པོ་བྱུང་བ་རེད་ལ། གཞན་ད་དུང་མི་རིགས་མང་པོ་ཞིག་གིས་ས་གཞི་དང་ས་ལ་མཆོད་པ་ནི་མཆོད་པ་ཀུན་གྱི་གཙོ་བོ་དང་ཐོག་མར་འཇོག་བཞིན་ཡོད་པའང་སྐྱེ་ལྡན་གྱི་དངོས་པོ་ཡོད་ཚད་ཀྱི་འབྱུང་ཁུངས་ས་ཡིན་པར་སེམས་ཀྱི་ཡོད་པ་ལྟ་བུ་དང་འབྲེལ་བ་ཡོད་པ་མ་ཟད། ཀོང་ཞི་མའོ་རིགས་རང་སྐྱོང་ས་ཁུལ་དུ་མི་བྱུང་བའི་བརྒྱུད་རིམ་ཅན་གྱི་ལྷ་སྒྲུང་ཞིག་ཏུ་། ཁོ་ཚོའི་འཇིག་རྟེན་བྱེད་པོས་མི་ལས་པའི་སྐབས་སུ་རྒྱུ་འདམ་བག་དེ་ཡང་བསྐྱར་དུ་བརྫིས་ཤིང་བསྣོས། ཡང་དང་བསྐྱར་དུ་བསྲེགས་ཤིང་སོལ་ཁུང་དུ་འཇོག་ལ། མཇུག་མཐར་མེ་ཤིང་བརྒྱ་དང་བརྒྱད་ཀྱིས་ཉིན་ཞག་བརྒྱ་དང་བརྒྱད་ལ་བསྲེགས་ཏེ་མེ་ཐབ་དལ་གྱིས་བརྡུངས་ནས་ཐེངས་གྲངས་སུམ་བརྒྱ་དྲུག་ཅུ་ལོངས་པ་དང་།དེ་ནས་མོ་རྣམས་ངུ་བ་དང་།ཕོ་རྣམས་དགོད་པ་ན།ད་གཟོད་མི་རུ་འགྱུར་བར་སེམས་པ་སོགས་ཀྱི་ལྷ་སྒྲུང་གི་རིགས་དང་།རུས་བླར་དད་པ་བྱེད་པའི་འཛམ་གླིང་གི་ཆོས་ལུགས་རིག་གནས་ཀྱི་སྣང་ཚུལ་ཐོག་མ་དེ་ཡང་ལྷ་སྒྲུང་འདི་དང་འདི་ལྟ་བུ་དག་དང་འབྲེལ་ནས་བྱུང་ཞིང་།མོ་རྟགས་ནི་དེ་དག་ལས་ཀྱང་ཐོག་མ་དང་གཙོ་བོར་གྱུར་ཡོད་པར་གྲགས་པ་ལ་རྒྱུ་མཚན་ཡོད་དེ།མིའི་རིགས་རང་བྱུང་གི་གནོད་འཚེ་མང་པོས་དབང་གིས་རྒྱུད་ཆད་པའི་ཉེན་ཚབས་མང་པོ་དག་འཕྲད་སྲིད་ལ།དེ་དག་གི་སྐབས་སུ་མོའམ་མོ་རྟགས་ནི་རིགས་རྒྱུད་ཕྱི་མ་བསྐྱེད་པའི་ལྷ་དང་ལྷའི་ཚུལ་དུ་བཀུར་བར་སྙམ།ས་གཞི་ལ་དགའ་བ་དང་གུས་པའི་ཚུལ་ནི་བོད་ཀྱི་གླུད་རྫས་སུའང་།ཁམ་ས་གླུད་དུ་མི་འབུལ་དུ།།འགྲོ་དྲུག་སེམས་ཅན་ས་ལ་གནས།།རིན་ཆེན་སྣ་དགུ་ས་ལས་བྱུང་།འབྲུ་མཆོག་སྣ་ཚོགས་ས་ལས་སྐྱེས།།དེ་ལྟར་ཁམ་ས་ཡོན་ཏན་ཆེ།།གླུད་འབུལ་རྫོངས་འདེབས་བུ་ལོན་འཇལ།།བཅིང་བ་ཐོངས་ལ་བཅིངས་པ་གྲོལ།།ཞེས་པ་སོགས་ནི་འཛམ་གླིང་གི་མི་རིགས་མང་པོའི་ལྷ་སྒྲུང་དང་ཆོས་ལུགས་ཀྱི་ནང་དོན་དང་ཡང་གཅིག་ཏུ་འཁེལ་བཞིན་ཡོད་པས།མི་རིགས་གཞན་དང་གཞན་གྱི་ལྷ་སྒྲུང་ལ་རིགས་འདེད་དང་བསྡུར་བ་བྱེད་རྒྱུ་ནི་བོད་ཀྱི་ལྷ་སྒྲུང་ཞིབ་འཇུག་གི་ཐབས་ལམ་གལ་ཆེན་རེད་སྙམ།

ཐོན་སྐྱེད་ངལ་རྩོལ་གྱི་ལྷ་སྒྲུང་ཞེས་པ་འདི་ནི།ཐོན་སྐྱེས་ངལ་རྩོལ་དང་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་དམངས་ཁྲོད་དུ་ལྷ་སྒྲུང་གང་མང་ཞིག་ཡོད་དེ།ནས་ཀྱི་ས་བོན་དང་།འབྲུ་རིགས་སྣ་ལྔ་བྱུང་ཚུལ།སྐར་མ་སྨེ་བདུན་དང་།རྟ་དང་རྐྱང་བྱུང་ཚུལ།སྒོ་ཕྱུགས་ར་ལུག་སོགས་ཅི་ལྟར་བྱུང་ཚུལ་མང་པོ་བཤད་རྒྱུ་ཡོད་པ་ལས།ནང་དོན་དང་སྒྱུ་རྩལ་སོགས་གང་ཐད་ནས་གཞན་ལས་ཕུན་སུམ་ཚོགས་པའི་དཔེ་མཚོན་ཙམ་བཀོད་ན།

ཀ རྟ་དང་རྐྱང་གི་བྱུང་རབས་ཏེ།སྔོན་ཆད་ཨ་སྔོན་བདུན་རིམ་གྱི་སྤྲིན་དཀར་པོའི་སྟེང་དང་།ཉི་ཟླ་སྐར་ཚོགས་ཀྱི་འོག་ཏུ་རྟ་དང་རྐྱང་མོ་གཉིས་མཆིས་པར་རྟེའུ་ཞིག་བཙས་མོད།རྟ་གནམ་དུ་གནས་པ་དང་རྟེའུ་བར་སྣང་དུ་གནས་པས་རྒྱགས་པའི་རྩྭ་དང་ཚིམ་པའི་ཆུ་འཐུང་རྒྱུ་མེད་པར་བརྟེན།རྟ་གནམ་ལས་བབས་པ་དང་།རྟེའུ་དབྱིངས་ལས་མི་ཡུལ་ལ་བབས་ཏེ་ཐོན།རྗེས་སུ་རྟེའུ་དེ་ཡང་རྒྱས་ལུང་དྭངས་པ་ཞེས་པའི་ས་ཆར་སོང་ནས་རྟའི་རྒྱལ་པོ་དང་བཤོས་པ་ལས་རྟེའུ་སྤུན་ཟླ་གསུམ་བཙས་ཀྱང་།ཡང་རྒྱགས་པའི་རྩྭ་དང་ཚིམ་པའི་ཆུ་འཐུང་རྒྱུ་མེད་པས།སྤུན་ཟླ་གསུམ་ཁ་བཀར་ནས་ཡུལ་ཕྱོགས་གསུམ་དུ་སོང་།ཕུ་བོ་ཆེ་བ་དང་འབྲིང་བ་གཉིས་སོང་བའི་ཡུལ་དུ་རྩྭ་ཆུ་ཡོད་པ་དང་།སྤུན་ཆུང་སོང་བའི་ཡུལ་དུ་དེ་ལས་ལྡོག་སྟེ་རྩྭ་ཆུ་ཞིམ་པོ་མེད་པ་རེད།དེ་ནས་དུས་ཡུན་རིང་པོ་སོང་ཙམ་ན་རྟའི་ཕུ་བོ་གདང་ཕྱམ་དང་།འབྲོང་གཡག་སྐར་མ་གཉིས་ཐུག་སྟེ་རྩྭ་ཆུ་རོལ་སྟངས་ཐད་ཅུང་མ་མཐུན་ནས།འབྲོང་གཡག་སྐར་མས་རྩྭ་ཐང་ཡོངས་སྒེར་དབང་བསྒྱུར་བར་འདོད་པ་ན།རྟའི་ཕུ་བོས་རྟ་གཡག་གཉིས་བར་འཁྲུག་རྩོད་མི་ཡོང་བའི་ཆེད་དུ།རྟ་སྔ་བ་ན་རྩྭ་ཟའོ།གཡག་འཕྱི་བ་ན་ཆུ་འཐུང་ངོ་།།གཡག་སྔ་བ་ན་རྩྭ་ཟའོ།།རྟ་འཕྱི་བ་ན་ཆུ་འཐུངས་ཤིག་ཅེས་མཉམ་དུ་ཞི་བདེ་ངང་འདུག་པར་བཤད་པའང་།འབྲོང་གཡག་གིས་མ་ཉན་ཏེ་རྟའི་ཕུ་བོ་རྭ་རྩེས་གཤགས་ཏེ་བཀྲོངས་པ་དང་།ཁོའི་སྤུན་ཆུང་བ་ཁུག་རོན་རྨང་དར་གྱིས་དགྲ་སྙིང་བཅད་དེ་དགྲ་ཁྲག་འཐུང་ཞིང་ཕུ་བོའི་དགྲ་ཤ་ལེན་པར་དམ་བཅས་ཀྱང་།ཕུ་བོ་འབྲིང་བ་རྐྱང་རོན་རྔོག་བཀྲས་འབྲོང་གཡག་སྐར་མ་མི་ཐུབ་བསམས་ནས་མ་འཐད་དེ།ཁོ་གཉིས་རང་རང་སར་འཁྱམས་སོ།།མཇུག་མཐར་སྤུན་ཆུང་བ་དེ་མི་དང་འཕྲད་པས་དགྲ་ཤ་ལེན་པའི་རེ་བ་བཏོན་པ་བཞིན་འབྲོང་གཡག་སྐར་མ་བཀུམ་མོ།།དེ་བས་མི་ལ་དྲིན་ལན་འཇལ་བའི་ཕྱིར་མིའི་བློས་ཐུབ་ཀྱི་གྲོགས་པོར་གྱུར་བ་དང་།ཕུ་བོ་འབྲིང་བ་རྐྱང་རོན་རྔོག་དཀར་དེ་གང་སར་འཁྱམས་པས་ཐ་མར་རྐྱང་དུ་གྱུར་བའོ།།ཞེས་ལྷ་སྒྲུང་འདིའི་ནང་དུ་བོད་མིའི་རང་བྱུང་ཁོར་ཡུག་དང་དགའ་སྐྱོ་ཆགས་སྡང་།ཁྲིམས་དང་ཁྲིམས་

འགལ།དྲིན་དང་དྲིན་གཟོའི་རང་གཤིས་མངའ་བའི་བོད་མིའི་གནས་ཚུལ་དང་།དེ་མིན་རི་དྭགས་སྣ་ཚོགས་སྒོ་ཕྱུགས་སུ་བཀུག་པའི་ལོ་རྒྱུས་མཚོན་ཡོད་ལ།རྟ་རྐྱང་གཉིས་ཀྱི་འབྲེལ་བ་དང་འབྲོང་གཡག་གི་ཕ་ས་བོད་ཡིན་པ་སོགས་བསྟན་ཡོད་པ་ལྟ་བུ་དང་།

ཁ ནས་ཀྱི་ས་བོན་བྱུང་ཚུལ་གྱི་ལྷ་སྒྲུང་སྟེ།གནའ་སྔ་མོ་ཞིག་ལ་མིང་ལ་ངག་ཁྲོ་ཟེར་བའི་རྒྱལ་སྲས་རང་བཞིན་བཟང་བ།བློ་རིག་བཀྲ་བ།དཔལ་མཛངས་ལྡན་པ་ཞིག་ཡོད་པ་དེ།ཀླུ་རྒྱལ་གྱི་གམ་དུ་ནས་ཀྱི་ས་བོན་སློང་བར་འགྲོ་བར།དཀའ་ཚེགས་གང་ལའང་མ་འཛེམས་པར་རི་ཆུ་ཁྲི་སྟོང་མང་པོ་བརྒྱུད་མཐར།གཞི་བདག་གི་རོགས་རན་ལ་བརྟེན་ནས་ནས་ཀྱི་ས་བོན་ལེན་ཐུབ་པ་བྱུང་ནའང་ཀླུ་རྒྱལ་གྱིས་རྫུ་འཕྲུལ་བསྟན་ཏེ་ཁོ་རང་ཁྱི་ཞིག་ཏུ་བསྒྱུར་ཞིང་།ཁོ་ལ་ད་དུང་བུ་མོ་ཞིག་གིས་འདོད་རྩེ་མ་ཐོབ་བར་དུ་ཁྱི་ལུས་ཤིག་མི་ཐུབ་པའི་དམོད་བོར།རྗེས་སུ་ཡུལ་དེའི་རྒྱལ་པོའི་སྲས་མོ་གསུམ་པས་བརྩེ་བ་ཐོབ་པས་ཁོ་ཡང་བསྐྱར་མི་རུ་གྱུར་བ་རེད།དེ་ནས་ཁོ་ཚོས་རྨོ་འདེབས་བྱས་ནས་འབྲུ་མང་པོ་སྐྱེས།དུས་དེ་ནས་བཟུང་མི་རྣམས་ཀྱིས་ཞིམ་མངར་རོ་བཅུད་ལྡན་པའི་རྩམ་པ་ཟ་ཐུབ་པ་བྱུང་ངོ་།།རྗེས་སུ་མི་རྣམས་ཀྱིས་རྩམ་པ་གསར་པ་ཟ་དུས་ཐོག་མར་རྩམ་པའི་འཆིང་བུ་ཞིག་ཁྱི་ལ་སྟེར་བའི་སྲོལ་ད་བར་དུ་ཡོད།དེ་ནི་མི་རྣམས་ཀྱིས་ཁྱིའི་དྲིན་གཟོ་བའི་ཆེད་དུ་ཡིན་པར་བཤད།ལྷ་སྒྲུང་འདིས་མེས་པོ་གོང་མ་རྣམས་རང་བྱུང་ཁམས་ཆེན་མོའི་སྟོབས་ཤུགས་ལས་རྒྱལ་བ་དང་།རྒྱལ་བའི་སྙིང་སྟོབས་ལ་ཡི་རང་དང་དད་མོས།དེ་མིན་ད་དུང་མིའི་རིགས་ལ་བྱས་རྗེས་འཇོག་མཁན་གྱི་དཔའ་བོར་བསྟོད་པ་སོགས་བྱས་ཡོད་པ་ལྟ་བུ།

ག སྐར་མ་སྨེ་བདུན་གྱི་ལྷ་སྒྲུང་།གནའ་སྔ་མོ་ཞིག་ལ་གླིང་གེ་སར་རྒྱལ་པོ་ཞེས་བྱ་བ་ཞིག་ཡོད་པ་དེས།ཁོང་གི་དྲག་པོའི་རྩལ་དང་།བཙན་པོའི་མཐུ་ལ་བརྟེན་ནས་ཕྱོགས་བཞི་དགྲ་བཞི་བཏུལ་ཞིང་།རི་ལུང་དང་ནགས་གསེབ་ཀྱི་གཅན་གཟན་གཏུམ་པོ་རྣམས་ཚར་བཅད།ཆུ་ཀླུང་དང་མཚོ་ཆེན་ནས་གནས་པའི་འདྲེ་སྲིན་ཡོད་ཚད་དམ་ལ་བཏགས་ཤིང་།བདེ་ཞིང་སྙོམས་པའི་ས་ཞིང་དུ་གྲོ་ནས་སྲན་གསུམ་གྱི་སྙེ་མ་ནི་སྨིན།མཛེས་པའི་རི་གཞོང་དུ་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་བས་བོད་འབངས་ཐམས་ཅད་སྐྱིད་པའི་དཔལ་ལ་རོལ་བཞིན་མོད།ད་དུང་བཀྲ་མི་ཤིས་པའི་དོན་དག་ཅིག་གིས་ཁོང་ཚོ་ལ་གནོད་པའི་སེམས་ཁ་དཀྲུགས་བཞིན་ཡོད་པ་ནི། ཁོང་གི་ཆམ་དུ་ཕབ་པའི་གདོན་འདྲེ་ཆེ་ཆུང་མང་པོ་ཞིག་མཉམ་དུ་འཛོམས་ནས་རླུང་འཚུབ་ཆེན་མོ་ཞིག་ཏུ་སྤྲུལ་ནས་རྒྱུན་པར་རྡོ་ཟེགས་དང་བཅས་ཏེ།ཡངས་པའི་མཐོ་སྒང་དུ་སྨྱོ་ཧམ་ངང་གཡུགས་པས། ལོ་ཏོག་དང་རྟ་ནོར་ལུག་གསུམ་གང་ཡིན་རླུང་གིས་འཁུར་ནས་གར་སོང་ཆ་མེད་དུ་གྱུར་བ་དང་།འབངས་མི་འདུག་སའི་སྦྲ་ཡིས་ཀྱང་དྲག་རླུང་གི་མདུན་ནས་བརྟན་དཀའ་བར་གྱུར་སྟབས།མི་ཕྱུགས་རྣམས་ཉིན་རེར་ཇེ་ཉུང་དུ་སོང་།རྗེས་སུ་བློ་གྲོས་ཀྱི་རྩལ་ལ་རང་དབང་ཐོབ་པའི་སྤུན་ཟླ་བདུན་ཡོད་པ་དེས།འགྲོ་བ་སེམས་ཅན་གྱི་དོན་དུ་སྲ་ཞིང་བརྟན་པའི་ཁང་བཟང་སུམ་ཐོག་ཅན་མང་པོ་བསྐྲུན་ཏེ་མི་བར་ཁང་དང་།ཕྱུགས་འོག་ཁང་།ཐོག་ཁང་ནས་འབྲུ་རིགས་སྐམ་ས་དང་མཆོད་ཁང་བཟོས་པའི་མི་ཕྱུགས་རྣམས་དྲག་རླུང་གི་འཇིགས་པ་ལས་གྲོལ། དེ་དག་གི་མཚན་སྙན་ལྷ་ཆེན་ཚངས་པས་ཐོས་པས་ཕོ་ཉ་མངགས་ཏེ་ཁོང་སྤུན་ཟླ་བདུན་པོ་ལྷ་ཡུལ་ཏུ་གདན་དྲངས་ནས་ལྷ་རྣམས་ལ་ཁང་བརྩེགས་བཟོ་རུ་བཅུག།།དེ་བས་ད་བར་དུ་ས་རུབ་ནས་དགུང་མོ་ཐོན་པ་ན་ནམ་མཁར་འོད་ལམ་ལམ་གྱི་སྐར་ཆེན་བདུན་ཤར་བྱུང་བ་དེ་ནི་ཁོང་སྤུན་བདུན་པོས་ལྷ་ལ་རོགས་བྱས་ཏེ་ཁང་བརྩེགས་བསྐྲུན་པའོ།།

༼ གཅན་ཚ་བཀྲ་བྷོས་བརྩམས་པའི《དམངས་སྲོལ་རིག་པའི་སྤྱི་དོན》ལས་དྲངས་ཤིང་ཀུན་དགས་པར་བླངས། ༽ ( མུ་འགོད། )