རྒྱལ་ཀུན་གསང་གསུམ་བང་བའི་མཛོད་འཛིན་མཁྱེན་རབ་ཕ་མཐའ་མི་མངོན་པ། །
སྙིང་རྗེ་སྟོང་གི་རང་གཟུགས་ཟླ་བ་འགྲོ་བློའི་ཐུགས་མཚོར་རྟག་རྩེན་པ། །
གངས་ཅན་འགྲོ་ལ་རྗེས་ཆགས་འཛིན་པས་ཆགས་པ་འབུམ་གྱི་བྱམས་བརྩེ་ཡིས། །
སྐྱེ་རྒུ་སྐྱོང་བའི་གཉེན་གཅིག་འདྲེན་པ་ཕྱག་ན་པདྨོས་རིང་དུ་སྲུངས། །
དེ་ཡིས་མཐའ་འཁོབ་དམུ་རྒོད་འདུལ་བའི་ཐུགས་བསྐྱེད་ཉམས་ལས་སྤྱན་ཆབ་ཕྲེང་། །
འཛིན་མར་ཟགས་ལས་པད་དཀར་གྲོལ་བའི་སྙིང་གི་གེ་སར་བྱེ་བའི་དབུས། །
ལེགས་པར་འཁྲུངས་པའི་རྒྱལ་ཡུམ་སྒྲོལ་མ་ནད་ཡམས་འཁྲུག་པ་སེལ་བ་དང་། །
ཕྱི་ནང་ལུས་ཅན་གདུལ་བྱའི་ཚོགས་ཀྱི་གདུང་བ་མ་ལུས་ཞི་བར་མཛོད། །
རྡུལ་ཕྲན་གཅིག་ལ་སྒྱུ་མའི་འཕྲུལ་གྱིས་གསང་བ་སྟེར་བའི་ལས་ཀྱི་མཐའ། །
མ་ལུས་ཅིག་ཅར་མངོན་སུམ་སྟོན་པའི་ཚན་རིག་རྡོ་རྗེ་ཕྲ་མེན་མ། །
ལུས་ཀྱི་ཕྱག་རྒྱར་རིང་ནས་བསྟེན་པའི་ཞའོ་ཏིག་ཀྲོན་གྱི་དབྱར་སྐྱེས་མས། །
མཁའ་ལས་བསྒྲགས་པའི་སྐྱེ་དངོས་མཚོན་གྱི་གཡུལ་ངོ་འཐབ་པའི་ངོ་རུ་ཤར། །
ནག་པོ་བརྩེགས་པའི་རྒྱུན་འཁྱོང་འཚོ་གནས་ཡུན་བྱེད་དེ་ཡི་ཁྱད་ཆོས་སུ། །
གྲུབ་ལས་སྐྱེ་དངོས་གང་གི་མཚོན་ཆ་སྙིང་ལ་ཟུག་པའི་གདུང་བ་ཡོངས། །
བསམ་བཞིན་ཡིད་ཀྱིས་བྱས་པ་མ་ཡིན་ཚོགས་ཙམ་ཉིད་ལས་གྲུབ་མིན་ཏེ། །
ཤེས་རབ་གསར་བའི་དམག་ཐབས་ཤིག་ལས་མཆེད་པའི་ནད་རྙིང་ཡིན་སོ་སྐད། །
གང་གང་ཞིག་གིས་གང་གི་རྨི་ལམ་ཐལ་བའི་རྡུལ་དུ་བརླགས་པའི་བློ། །
སྤྲེའུ་ཧ་ནུ་མ་ཐའི་མཇུག་མར་རྒྱ་སྐྱག་ཤིང་ལ་མེ་ལྕེ་འབུམ། །
འཁྱུད་པ་དེ་ཀོས་སྲིན་པོའི་རྒྱལ་ཁམས་ཡོངས་སུ་བཅོམ་པའི་དཔེ་ཇི་བཞིན། །
རྩུབ་ཅིང་རྒོད་པས་ནད་ཡམས་འདི་ཀོ་འགྲོ་བའི་སྙིང་ལ་ཡང་ཡང་སྡང་། །
དམར་པོའི་རྐང་བ་ཟུང་གཅིག་སྤོས་པས་ཤུལ་རྗེས་མུན་པའི་ཁུང་བུ་ལས། །
མངོན་པ་གང་ཞིག་འབུ་ནག་གྲོག་མའི་འོས་ལངས་ཁྲོམ་གྱི་ལྗགས་རྩེ་རུ། །
སྐྱེ་དངོས་ཧ་ལོའི་མེ་ཏོག་སྲེག་པའི་ཐལ་བ་འགམ་པའི་ཟས་བྱིན་ཡང་། །
བསམ་སའི་བྲག་ལ་ཕོག་པ་མ་ཡིན་ཡོངས་ཁྱབ་མིག་གི་གཤེད་དུ་གྱུར། །
ཀྭ་ཡེ་གསོན་དང་སྙིང་གི་གྲོགས་དག་གསང་སྒྲུང་གསར་བའི་སྦྲུམ་མ་འདིས། །
རང་ཉིད་འཚོ་སའི་ནོར་འཛིན་ཁྱོན་ལ་མཚར་གཏམ་གླང་བོའི་སྣ་ཞགས་སྣེར། །
བྲང་འགྲོའི་ཁ་ཆུ་བགོས་པས་གཤེད་ཀྱི་རོ་ལངས་འབུམ་རྒུའི་ཡོ་ལང་གི །
འཁྲུག་པའི་ཆགས་གཏམ་གར་དུ་འགྱུ་བའི་ལས་འདི་མི་ཡུལ་ཁམས་ལ་བཏང་། །
ལོག་གཤེད་འདྲེ་མོ་གར་དུ་འཁྱུག་ལས་ས་སྒང་གོ་ལ་རིལ་མོ་འདི། །
ལག་པའི་མཐིལ་གྱི་རྩམ་རྡོག་འདྲ་བར་འཕྱ་བའི་ཁྲེལ་རྒོད་གཡབ་མོ་དེས། །
ཤེས་ལྡན་རྐང་གཉིས་ཡོངས་ལ་འཚེ་བའི་རྣམ་ཤེས་ཁྲག་ཁྲིག་འབུམ་ཕྲག་བརྒྱ། །
འཁྱམས་པའི་ཚུལ་འདིས་མི་ཡུལ་གྲོང་འདི་ཤི་གསོན་གཡུལ་སའི་ཐང་ལ་བསྒྱུར། །
ཀྱེ་མ་ཀྱེ་ཧུད་སྐྱོ་བའི་གདོང་ལས་མིག་ཆུ་བཞུར་བའི་དབྱངས་འགྲོས་ཀྱིས། །
བརྩེ་བ་སྲོག་གི་དྭངས་མར་སྨིན་པའི་ལྷན་འཛོམས་དགོད་སྒྲ་རྨང་ནས་བཤིག །
མཛའ་བ་འཁྱུད་པས་ཚེ་གཅིག་སྐྱ་ཡར་མི་འདོད་ནད་ཀྱིས་གྱེས་ཁ་མར། །
དུངས་པའི་རྣམ་འགྱུར་བསྟན་པ་ཙམ་གྱིས་ཕྱི་མའི་འཕྲང་རིང་ལས་ཀྱིས་བརྒལ། །
སྐྱོ་བ་སྐྱོ་བར་བསྲེས་པའི་གདོང་ལས་སྡུག་ཡུས་མིག་ཆུ་ཤམ་ཤམ་བཞུར། །
བྱམས་པ་བྱམས་པར་འཁྲེང་པའི་སེམས་པ་ན་རག་དམྱལ་བའི་དུཿཁ་ཡིས། །
ཡོངས་ནས་ཡོངས་སུ་མནར་བ་འདི་ཀོས་ཤུལ་ལྷག་ཡུག་མོ་བུ་ཁྲིད་འགས། །
ལག་པ་ལག་པའི་ཕྱི་ནང་འཁྱག་པས་ཡིད་སེམས་ཁ་བ་ནག་པོས་གཡོགས། །
གདུང་ལྕམ་མེད་པའི་ཁང་བརྩེགས་ཕུ་ན་གཡས་སྦྱོར་ཟས་ཀྱི་རོ་མ་ཙམ། །
ལྷག་པའི་རོ་ལ་ལྕེ་ལྡག་རྒྱག་བཞིན་སྒེའུ་ཁུང་འགྲམ་ནས་རེ་བའི་མིག །
འབྱེད་འཛུམ་ཞན་ཡང་འཚོ་བའི་བསམ་གཞིག་ཉི་ཚེ་བ་ཞིག་ཆད་མཐུད་ཀྱིས། །
སྦྲེལ་བའི་བགྲེས་སོང་ཞེན་པའི་སྦུབས་ན་འཆི་བར་ཕྱོགས་པའི་རེ་སྒུག་ཅིག །
དེ་ཡི་གདུང་བའི་ལ་ཆེན་གྲིབ་མ་སྨག་གིས་ཟས་སུ་མ་ཁྱེར་ཡང་། །
དབུགས་ཀྱི་སྐྱེ་དངོས་ཧ་ལོའི་དུག་གིས་བུ་ཡི་ཁྲག་རྩའི་ལམ་མདོ་ནས། །
སྲོག་ཉིད་ལེན་པའི་ངང་སྒུག་ཙམ་གྱིས་གང་ཞིག་ལུས་སེམས་བྲལ་བྱས་ཏེ། །
འཆི་བར་ཕྱོགས་པའི་རྒན་པའི་སེམས་ལ་ན་ཟུག་སྟོང་གི་ཕུར་བུ་བརྡབ། །
ཁྱོ་ག་བུ་དང་རྨོ་མོ་ལ་སོགས་རང་རང་ས་ནས་ནད་དུག་ལ། །
རྒོལ་བར་བྲེལ་བས་དབུགས་ཀྱི་བཏང་ལྷོད་རན་དང་འཚམས་པའི་བར་ཧྲག་ནས། །
གྲང་བཀྲེས་སྐོམ་པ་ན་ཚས་འཁྱག་ལྟོགས་རིངས་ནས་མྱང་བའི་རི་སྤྱང་བཞིན། །
ནང་སེམས་བཙས་པའི་བུ་ཡུག་འཚུབ་ཀྱང་ད་དུང་གསོན་པའི་རེ་བ་འཆའ། །
འདི་ལྟའི་ནད་ཡམས་རླུང་ཆེན་ནག་པོ་བྱམས་དང་བརྩེ་བས་སྟོངས་ཤིང་འཚུབ། །
འཚུབ་པའི་རྡུལ་རླུང་དུག་གི་དྲི་མས་འཇིག་རྟེན་མ་འདས་སེམས་ཅན་གྱི། །
སྙིང་ལ་འདུ་བྲལ་སྐྱོ་བའི་རྨ་ཤུལ་ཟབ་མོ་ཐེངས་འགར་བཞག་པ་འདིས། །
བྱས་ཉེས་དག་ཅིང་འགྲོ་ཁམས་སྐྱིད་ལ་བདེ་སྐྱིད་གཡང་གིས་ཁྱབ་གྱུར་ཅིག །
འདི་སྐད་སྐྱོ་བའི་ཆོས་དབྱིངས་ཤིག་ལ་ཁ་ཆད་བཏབ་པའི་ཤོག་ལེ་འགའ། །
ནག་ཆུང་གྲོག་མའི་སུག་རྗེས་ཕབ་ལས་འཆར་ཤེལ་གསར་བའི་མེ་ལོང་ངོར། །
སོར་མོ་བསྐྱོད་ལས་ཤར་མར་བཏབ་འདིས་རྟག་རྒྱབ་ཕར་ན་བསྐུངས་པ་ཡི། །
སྐད་བརྡ་ཙམ་འདི་རིགས་མཐུན་ཚོགས་ལ་མཛོད་སྲུང་རི་བོའི་འདབས་ནས་བྲིས། །
༼ བྲན། ༽