国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྲེལ་གཞུང་ཡལ་ བའི་ཟླ་བ།

དགའ་སྐྱོའི་འདུ་བ་མོད་པའི་འཇིག་རྟེན་ན།།

བདེ་སྡུག་གར་གྱི་ཕྱག་རྒྱ་མང་བརྡལ་ཡང་།།

ཚོགས་གཉིས་བསོད་ནམས་ཞིང་གི་མཆོད་སྡོང་ལ།།

ཁ་རླངས་ངན་པས་གྲིབ་མ་གཡོར་འདོད་མེད།།

ང་ཁྱོད་གཡུལ་སའི་འཐབ་ར་ཆེན་མོ་ན།།

འཐེན་ཁྱེར་ཕྱོགས་ཞེན་མི་བདེ་མང་ན་ཡང་།།

ཕྲ་བའི་ཕྲ་བ་ཙམ་ཡང་གཡོལ་དཀའ་བའི།།

རྒྱུ་འབྲས་ཟབ་མོའི་ཆོས་ལ་རྟག་ཏུ་འདུན།།

སྣང་བའི་ཁ་དོག་ཅིག་གི་མཚོན་དོན་དང་།།

ལུས་ཀྱི་ཟུངས་ཁྲག་ཅིག་གི་རི་མོ་ལ།།

རིན་ཐང་ལྟ་བའི་ངོ་སོ་མ་ནོར་བའི།།

དཔྱོད་ལྡན་མིག་རྒྱང་ཅན་དག་གུས་པར་འོས།།

གློག་འོད་དཀར་དམར་སྡེབ་པའི་གྲོང་ཁྱེར་ན།།

མེ་ཏོག་བསྟར་ལ་བརྒྱུས་འདྲའི་ཚོང་ཁྲོམ་དང་།།

ཟང་ཟིང་འུར་ལ་བསྟིམས་པའི་མི་ཚོགས་སོགས།།

རྒྱ་བྱིན་མིག་སྟོང་བགྲད་ཀྱང་བལྟས་མི་ཚར།།

སྣང་བས་སྐྱོ་གླུ་བླངས་བའི་གྲུ་ཟུར་དུ།།

གཏན་གྲོགས་ཆང་ལ་བྲིས་པའི་བརྩེ་དུང་ཡོད།།

ཆང་གི་རླབས་ལ་ཐིམ་པའི་དམ་བཅའ་དེ།།

མི་བརྗེད་ཡིད་ལ་དཔར་བའི་བརྗེད་བྱང་ཡིན།།

ལམ་སྒྲོན་མེད་པའི་རྒྱ་ཧྲང་སྟོང་བ་ནས།།

གྲིབ་མ་མེད་པའི་ལག་ཟུང་ཕྱི་ལ་བསྐྱངས།།

ཁྲེལ་གཞུང་ཡལ་བའི་ཟླ་བ་རྒྱང་ལ་བྱིན།།

ང་ཡི་སྐྱོ་རོགས་རྨི་ལམ་གང་དུ་ཡོད།།

༼ ཞལ་དཀར། ༽