སྤྱི་ཟླ11པའི་ཚེས10ཉིན་ནས་ཚེས12ཉིན་བར་ཁུལ་ཨུ་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་དབྱི་པིན་དང་ལུའུ་ཀྲོའུ་གྲོང་ཁྱེར་དུ་ཕྱིན་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས་པར་མ་ཟད།ཁ་གཏད་རོགས་སྐྱོར་གྱི་འཚམས་འདྲི་ཞུ་ལན་གྱི་ལས་ཀ་སྤེལ་བ་རེད། དབྱི་པིན་གྲོང་ཁྱེར་གྱི་ཏང་ཨུ་ཧྲུའུ་ཅི་ཧྥང་ཚུན་ཧའོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ལིའོ་ཝུན་པིང་དང་། ལུའུ་ཀྲོའུ་གྲོང་ཁྱེར་གྱི་ཏང་ཨུ་ཧྲུའུ་ཅི་དབྱང་ལིན་ཞིན་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཡུས་ཞན་ཧོ་བཅས་འབྲེལ་ཡོད་ཀྱི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
རྟོག་ཞིབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞབས་རྗེས་དེད་ནས་དབྱི་པིན་གྲོང་ཁྱེར་གྱི་ཅིས་སྨི་འོད་གློག་ཚད་ཡོད་སྤྱི་གཉེར་ཁང་དུ་ཕྱིན་ནས་དབྱི་པིན་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་བསྐྱར་སྦྱོང་བྱས་པ་དང་དབྱི་པིན་གྲོང་ཁྱེར་གྱིས་ཁེ་ལས་ལ་རང་གཙོ་གསར་གཏོད་ཤུགས་སྣོན་པ་དང་ཐོན་རྫས་ཞིབ་འཇུག་ཕྱིར་ཚོང་། མང་ཚོགས་ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱེད་པ་བཅས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་སྟངས་དེ་སློབ་སྦྱོང་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུར་དང་སྒུལ་ཤུགས་གསར་གཏོད་ཀྱི་དཀར་མཛེས་ཁུལ་གྱི་ཐབས་ལམ་གསར་པ་ལག་བསྟར་ཟབ་ཏུ་གཏང་རྒྱུ་བསམ་གཞིགས་བྱས་པ་རེད། རྟོག་ཞིབ་བྱས་རིང་། འཐུས་ཚབ་ཚོགས་པས་ད་དུང་དབྱི་པིན་གྲོང་ཁྱེར་ནན་ཞི་ཆུས་འབྲུ་སྣུམ་ཐོན་ལས་ལྡུམ་ཁུལ་དང་ཅང་ཨན་དཔལ་འབྱོར་གསར་སྦོལ་གླིང་ཁུལ་སོགས་དང་ལུའུ་ཀྲོའུ་གྲོང་ཁྱེར་གྱི་ལ་ཞི་ཆུས་རྒྱལ་སྐྱོང་གྲོང་རྡལ་མེན་ལིན་གྲོང་སྡེ་དང་ལག་རྩལ་རྩེ་གྲས་ཆུས་ཀྱི་སྨན་རྫས་ཐོན་ལས་ལྡུམ་ཁུལ་སོགས་ཀྱི་ས་གནས་སུ་ཕྱིན་ནས་གྲོང་ཁྱེར་གཉིས་ཀྱི་ཡུལ་སྡེ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་། ཚོང་ལས་དང་མ་དངུལ་ནང་འགུགས། ཐོན་ལས་མཉམ་འདྲེས་འཕེལ་རྒྱས། ས་འགུལ་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་འཛུགས་སོགས་ཐད་ཀྱི་ཉམས་མྱོང་གསར་པ་དང་ལས་སྟངས་ཡག་མོ་སློབ་སྦྱོང་དང་བརྟག་ཞིབ་བྱས་པ་རེད།
ཧྥང་ཚུན་ཧའོ་དང་དབྱང་ལིན་གྱིས་དབྱི་པིན་དང་ལུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་ཚབ་ཞུས་ནས་དཀར་མཛེས་ཁུལ་གྱི་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས་པ་དང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་བ། ཁོང་རྣམ་གཉིས་ཀྱིས་ཞིང་ཆེན་ནང་ཁུལ་དུ་རིམ་བཞིན་ཁ་གཏད་རོགས་སྐྱོར་ཇེ་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀས་འབྲེལ་མཐུན་ཇེ་ཟབ་དང་མཉམ་ལས་ཡོངས་ཁྱབ་གཏོང་ཞིང་། ཕན་ཚུན་བརྩེ་དུང་དེ་བས་ཟབ་མོ་བཅངས་པ་རེད། (པར་ངོས་གཉིས་པར་གཟིགས།)
