ཉེ་ཆར། བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་གྲྭའི་དགེ་རྒན་ཡོངས་དང་སློབ་མའི་འཐུས་ཚབ་པ་བརྒྱ་གྲངས་སྐས་ཐེམ་སློབ་ཁང་དུ་འཛོམས་ཏེ་དཔེ་ཀློག་གི་མྱོང་ཚོར་གླེང་བའི་བྱེད་སྒོ་སྤེལ་བ་རེད།
བློ་འབྱེད་ནི་འགྲོ་བ་མིའི་རིགས་ཡར་རྒྱས་སུ་འགྲོ་བའི་ཐེམ་སྐས་ཡིན་ན། དཔེ་ཀློག་ནི་བློ་སྒོ་འབྱེད་པའི་ལྡེ་མིག་གལ་ཆེན་ཞིག་ཡིན་ཞིང་། བློ་གྲོས་ཆེན་པོའི་རྩལ་ལས་འཁྲུངས་པའི་རིན་ཆེན་ནོར་བུའི་དོ་ཟླར་དཀའ་བའི་རླབས་ཆེ་བའི་བསམ་བློ་གཟུགས་སུ་འཁྲུངས་པའི་དཔེ་ཆ་དེ་དག་གིས་ཀློག་པ་པོའི་དབང་པོ་སྒོ་ལྔ་ལ་ཚོན་མདངས་རྣམ་པར་བཀྲ་བའི་ལྷའི་འཇིག་རྟེན་ལྟད་མོར་བཤམས་ཤིང་། རྣམ་ཤེས་ལ་ཤེས་རབ་ཀྱི་བྱིན་རླབས་ཞུགས་སུ་བཅུག་པ་རེད་ལ། དེ་བཞིན་སྐྱོན་ཆ་ཀུན་བྲལ་གྱི་གྲོགས་པོ་ཞིག་ཡོད་པའི་དབང་དུ་བཏང་ན། དེ་ནི་དཔེ་ཆ་ཡིན་འོས་པས། ཁྱེད་ཀྱིས་འགྱུར་མེད་ཀྱི་གྲོགས་པོ་འདི་དང་གཏན་དུ་བསམ་བློ་བརྗེ་བར་གོམས་ན། ཁྱེད་ལ་ཐོབ་པ་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན།
དེ་བས། དགེ་རྒན་ནི་སློབ་མའི་བློ་རིག་ལ་གཤོག་རྩལ་བསྐྲུན་ནས་ཤེས་བྱའི་མཁའ་དབྱིངས་སུ་བསྐྱོད་པར་མཐུན་རྐྱེན་སྐྲུན་མཁན་དེ་ཡིན་གཤིས། སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་སློབ་མ་ཚོར་དཔེ་ཆར་བལྟ་བར་དགའ་བའི་མིག་དཔེ་བཟང་པོ་ཞིག་སྟོན་པའམ། སློབ་མ་ཚོས་ཀྱང་དཔེ་ཆར་བལྟ་བར་ཤུགས་རྐྱེན་བཟང་པོ་ཞིག་གོམས་པ་དང་། དགེ་རྒན་ཚོའང་ད་ལྟའམ་མ་འོངས་པར་ཕ་མར་ཅིས་ཀྱང་འགྱུར་ངེས་པས། ཁྱིམ་ཚང་གི་དཔེ་ཀློག་ཁོར་ཡུག་བཟང་པོ་རེ་བསྐྲུན་པ་སོགས་ལ་ནུས་པ་འགངས་ཆེན་ཐོན་ཞིང་། ལྷག་པར་དུ་སློབ་གྲྭ་ཞིག་ལ་མཚོན་ན། དཔེ་ཀློག་ནི་དུས་རྒྱུན་གྱི་ཁ་ཟས་ལྟ་བུའི་རྒྱུན་ལྡན་སྤྱོད་ལམ་ཞིག་ཏུ་འགྱུར་དགོས་ཡོད་པར་མཐོང་བས་ཀྱང་ཡིན། དེ་ཡང་སློབ་གྲྭའི་ནང་དུ་དཔེ་ཀློག་གི་གོམས་གཤིས་ཙམ་ཡང་མེད་པར་གྱུར་ཚེ། དེ་ནི་ཧ་ཅང་འཇིགས་སུ་རུང་བའི་གནས་སུ་འཁུམས་ལ། ཁྱད་པར་དུ་བྱེད་སྒོ་འདིས་དགེ་རྒན་ཚོས་དཔེ་ཆ་ཀློག་པ་ལ་མཐོང་ཆེན་བྱེད་པ་དང་། སྒེར་ལ་མཚོན་ན་བལྟས་ཚར་བའི་དཔེ་ཆ་དག་ལ་ཕྱོགས་བསྡོམས་དང་བསམ་བློ་གསར་པ་སྐྱེད་པ་དང་། བག་ཆགས་ཇེ་ཟབ་ཏུ་གཏོང་བ། ཚོགས་ཞུགས་མི་སྣར་མཚོན་ན་བློ་སྐྱེད་གང་མང་ཞིག་དང་དྲི་བ་གང་མང་ཞིག་ཐོན་ཐུབ་པར་འགྱུར་བ་འདི་དག་ལ་གཞིགས་ནས། དཔེ་ཀློག་གི་བྱེད་སྒོ་འདི་ཆེད་དུ་རྩ་འཛུགས་བྱས་པ་རེད།
བྱེད་སྒོ་འདིར་ལས་རིམ་རྣམ་པ་བཞིར་བཀར་ནས་རྩ་འཛུགས་བྱས་ཡོད་དེ། གཅིག་ནས་འགན་ཁུར་བ་དང་ལས་སྒྲུབ་ཁང་སོ་སོ། འཛིན་གྲྭ་སོ་སོའི་འཐུས་ཚབ་པས་དཔེ་ཀློག་གི་མྱོང་ཚོར་གླེང་བ་དང་། གཉིས་ནས་དཔེ་ཀློག་བྱེད་མཁན་དག་ལ་ཕུལ་བྱུང་དང་རྟིང་སྐུལ་རིགས་གཉིས་སུ་ཕྱེས་ནས་གཟེངས་བུམ་དང་གཟེངས་ཡིག། གཟེངས་དངོས་བཅས་ཀྱི་བྱ་དགའ་གྱ་ནོམ་པ་སྤྲད་པ། གསུམ་ནས་སློབ་གྲྭའི་དགེ་རྒན་རྣམས་མི་རིགས་གསུམ་གྱིས་གྲུབ་པས་འཐུས་ཚབ་པར་མི་རིགས་མཐུན་སྒྲིལ་བྱ་དགའ་སྤྲད་པ། བཞི་ནས་བྱེད་སྒོ་རྩ་འཛུགས་ཀྱི་རྒྱབ་སྐྱོར་བར་དམིགས་བསལ་གཟིགས་བཟོས་ཕུལ་བ་བཅས་རེད།
དཔེ་བཀླགས་མྱོང་གླེང་གི་བྱ་རིམ་དུ་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་རྒན་པ། འཐུས་ཚབ་པ་སོགས་ཀྱིས་དཔེ་ཀློག་གི་དགོས་གལ་རང་བཞིན་དང་དོན་སྙིང་། རིན་ཐང་སོགས་རང་རང་གི་དཔྱོད་ཚད་ལྟར་ལྷུག་བརྗོད་བྱས་པར་མ་ཟད། གཞོན་རབས་པས་དཔེ་ཀློག་གི་བྱ་བ་འདི་རིང་དུ་མི་འདོར་བར་མུ་མཐུད་དུ་འབད་པ་བྱེད་པར་སྐུལ་མ་ཡང་ནས་ཡང་དུ་གཏོང་བ་རེད།
ཚོགས་པའམ་རྩ་འཛུགས་ཤིག་ལ་མཚོན་ན། མཐུན་སྒྲིལ་ནི་ཆེས་གལ་ཆེ་བའི་ལས་དོན་ཞིག་ཡིན་ཕྱིན། སློབ་གྲྭའི་སློབ་གསོའི་བྱ་བ་སྤྱི་དང་ལས་ཚན་སོ་སོ་ལེགས་འགྲུབ་ཡོང་བར། མི་རིགས་མཐུན་སྒྲིལ་དང་ནང་ཁུལ་འཆམ་མཐུན་ཡོང་རྒྱུ་གཙོ་གནད་ཡིན་པའི་འདུ་ཤེས་ཀྱིས་སློབ་གྲྭའི་མི་རིགས་སྣ་གསུམ་གྱི་འཐུས་ཚབ་པར་མཛའ་མཐུན་ལག་རྡང་འབྲེལ་བའི་བྱ་དགའི་ལས་རིམ་ཞིག་ཆེད་དམིགས་བཀོད་སྒྲིག་བྱས་པར་མ་ཟད། བྱེད་སྒོ་འདི་འདྲ་ལའང་མཐོ་དམན་ཀུན་གྱིས་རྒྱབ་སྐྱོར་དང་གྲོགས་དན་མ་བྱས་ན། གང་ཡང་འགྲུབ་དཀའ་བ་དང་། གོང་འོག་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་བཟང་པོ་ཞིག་ལྡན་ན། འཇིག་རྟེན་པའི་ཁ་དཔེར། མིས་མི་བཀྱགས་ན་རྒྱལ་པོ་དང་བློན་པོ། ཤིང་གིས་ཤིང་བཀྱགས་ན་ཀ་བ་དང་གདུང་མ་ཟེར་བ་ལྟར་ཡིན་པས་རྒྱབ་སྐྱོར་གནང་མཁན་དག་ལ་དྲིན་ངོ་ཤེས་པར་བྱས་པའང་ཡིན་པ་རེད།།
( ལས་ཞོར་གསར་འགོད་པ་བསྟན་པ་རྒྱལ་མཚན་དང་ཆོས་བཞིན་གྱིས་བྲིས།)