国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་རིམས་ནད་འགོག་ཟོན་ཇེ་ཡག་ཏུ་གཏོང་བའི་བྱེད་ཐབས་ལྔ།

སྤྱི་ཟླ12པའི་ཚེས8ཉིན་ལ། འགོག་ཟོན་སྔར་ལས་ཚན་རིག་དང་མཐུན་ཞིང་གནད་ལ་སྨིན་བ་དང་། ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་འགོག་ཟོན་བྱེད་ཐབས་སྔར་ལས་ཇེ་ཡག་ཏུ་དོན་ཐོག་འཁྱོལ་ཅིང་། དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཐབས་གསར་པ་བཅུ་དང་སི་ཁྲོན་ཞིང་ཆེན་གྱི་བྱེད་ཐབས་དྲུག་ལག་ལེན་བསྟར་བའི་ཆེད་དུ། དཀར་མཛེས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས་བྱེད་ཐབས་ལྔ་བཏོན་པ་སྟེ། ཞིབ་ཕྲ་གཤམ་གསལ་ལྟར།

གཅིག། རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་གཏང་དགོས།

ནད་པ་ཚབས་ཆེན་དང་འཆི་བ་འགོག་པའི་བྱེད་ཐབས་ཡག་ཤོས་ནི་རིམས་འགོག་སྨན་ཁབ་བརྒྱག་རྒྱུ་ཡིན་ཞིང་། རྒན་རྒོན་གྱི་ལུས་པོ་བདེ་ཐང་དང་ཚེ་སྲོག་ཉེན་མེད་ཡོང་བར་ནུས་པ་གལ་ཆེན་ཐོན་ཐུབ། རིམ་ཁག་དང་སྡེ་ཁག་གིས་སྲིད་གཞུང་གིས་མི་འཚོལ་བ་དང་། བདེ་ཐང་འཕྲོད་བསྟེན་སྡེ་ཚན་གྱིས་འགོག་ཁབ་རྒྱག་པ་དང་། འབྲེལ་ཐུག་བདུན་ཞེས་པའི་ལས་དོན་ནང་སྲོལ་ལྟར། རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་བཏང་ནས་རྒྱག་དགོས་ཚད་ལ་མགྱོགས་པ་རྒྱག་པ་དང་མ་ལུས་པ་བརྒྱག་དགོས།

གཉིས། གནས་ཡུལ་གཙོ་བོའི་དོ་དམ་ཇེ་ཡག་ཏུ་གཏང་དགོས།

ཕྱི་མི་རྒན་གསོ་ཁང་དང་ཕན་བདེ་ཁང་། སྨན་བཅོས་ལས་ཁུངས་ཀྱི་སྡོད་བཅོས་ཁང་། བྱིས་བཅོལ་ལས་ཁུངས། སློབ་གྲྭ་ཆུང་འབྲིང་སོགས་གནས་ཡུལ་དུ་ཡོང་བ་ཡིན་ན་ཁ་ཤུབས་རྒྱག་པའི་གཏན་འབེབས་ལག་ལེན་ནན་པོ་བསྟར་དགོས་ཤིང་། བདེ་ཐང་ཨང་རྟགས་དང་ཆུ་ཚོད48ནང་ཚུད་ཀྱི་ཉིང་སྐྱུར་དཔེ་བཤེར་ནད་དུག་མེད་པའི་སྙན་སེང་ཞིབ་བཤེར་བྱེད་པ་རྒྱུན་འཁྱོང་དགོས། དེ་མིན་གྱི་སྤྱི་པའི་གནས་ཡུལ་དུ་ཁ་ཤུབས་རྒྱག་པའི་གཏན་འབེབས་ལག་ལེན་ནན་པོ་བསྟར་དགོས་པ་ལས། བདེ་ཐང་ཨང་རྟགས་དང་ཉིང་སྐྱུར་དཔེ་བཤེར་ནད་དུག་མེད་པའི་སྙན་སེང་། འགྲོ་སྐྱོད་ཨང་རྟགས། གྲོང་ཁྱེར་ཉེན་ཁ་ཡོད་སར་འགྲུལ་བཞུད་མྱོང་བའི་ལོ་རྒྱུས་ཞིབ་བཤེར་བྱེད་མི་དགོས་ལ། གནས་ཡུལ་གྱི་བཤེར་ཨང་བཤེར་མི་དགོས་པ་རེད། རིམས་ཚུལ་ཡོད་པའི་སློབ་གྲྭས་འཚོ་བ་བྱེད་ཡུལ་ཆེས་ཆུང་བར་དམིགས་ཏེ་ས་ཁོངས་ཉེན་ཁ་ཡོད་ས་གནད་ལ་སྨིན་བ་བགོ་དགོས་པ་དང་། རྒྱུན་ལྡན་གྱི་སློབ་གསོ་དང་སློབ་ཁྲིད་སྒྲིག་ལམ་ཚད་ཆེ་ཤོས་ཀྱི་ཐོག་ནས་ཁག་ཐེག་བྱ་དགོས། ས་ཁོངས་ཉེན་ཁ་ཡོད་ས་ཕུད་རྗེས་ད་དུང་རྒྱུན་ལྡན་གྱི་དྲྭ་ཕྱིའི་སློབ་ཁྲིད་དང་འཚོ་བའི་སྒྲིག་ལམ་ཁག་ཐེག་བྱ་དགོས།

གསུམ། འགོག་ཟོན་བྱེད་ཐབས་རྒྱུན་རྣམ་ཅན་དོན་འཁྱོལ་བྱ་དགོས།

གཅིག་ནི་རྒྱུན་ལྡན་གྱི་ཉིང་སྐྱུར་དཔེ་བཤེར་བྱེད་ས་ལུགས་དང་མཐུན་པ་བཀོད་དེ་ཉིང་སྐྱུར་བྱེད་བསམ་མཁན་ཚང་མས་དཔེ་བཤེར་ཐུབ་པ་བྱ་དགོས། གཉིས་ནི་སྨན་འཚོང་ཁང་དུ་ཆམ་པ་སྨན་དང་། ཚ་བ་འཇགས་སྨན། ལུ་སྨན། ནད་དུག་འགོག་སྨན། སྲིན་འགོག་སྨན་བཅས་སྨན་སྣ་ལྔ་ཉོ་དུས་རང་མིང་ཐོ་འགོད་མི་དགོས་ལ་ཉིང་སྐྱུར་དཔེ་བཤེར་ནད་དུག་མེད་པའི་དཔང་འཛིན་ལྟ་མི་དགོས། གསུམ་ནི་ཉིང་སྐྱུར་དཔེ་བཤེར་གྱི་ཁྱབ་ཁོངས་སྔར་བས་ཆུང་དུ་གཏོང་བ་དང་དཔེ་བཤེར་ཐེངས་གྲངས་ཉུང་དུ་གཏང་དགོས། གཅིག་སྡུད་ལོགས་བཀར་བྱེད་ས་སྤྱོད་བཞིན་ཡོད་སའི་ལས་སྒྲུབ་མི་སྣ་དང་། ཚོང་ར་སྒོ་རྩིས་ཚོང་ཁང་། མགྱོགས་སྦྲག། ཕྱིར་འཚོང་སོགས་ལས་གཉེར་ཁོར་ཡུག་གི་མི་མང་འཛོམས་པ་དང་། འབྲེལ་འདྲིས་དང་འགྲོ་འོང་མང་བའི་ལས་གནས་ཉེན་ཁ་ཆེ་བའི་ལས་སྒྲུབ་མི་སྣ་ལ་དེར་བསྟུན་གྱི་ཉིང་སྐྱུར་དཔེ་བཤེར་བྱེད་པ་ཕུད། དེ་མིན་དཔེ་བཤེར་བྱེད་འདོད་ཡོད་མཁན་ཚང་མས་བྱེད་ཆོག་པ་རེད།

བཞི། སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏང་དགོས།

གཅིག་ནི་ལོ65ཡན་གྱི་ནད་གཞི(སྐྲན་ནད་དང་། གློ་ནད། སྙིང་དང་ཀླད་རྩའི་ནད། མཁལ་གཅོང་། ལྷན་སྐྱེས་ཀྱི་རིམས་འགོག་ནུས་པ་ཉམས་པ་སོགས)ཚབས་ཆེན་ཡོད་པར་མ་ཟད་ད་དུང་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཆ་ཚང་རྒྱག་མེད་པའི་ནད་པ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གལ་ཏེ་ཉིང་སྐྱུར་དཔེ་བཤེར་ནད་དུག་ཡོད་པ་གོ་མ་ཐག་དུས་ཐོག་ནད་ཚུལ་ལ་དོ་ཁུར་བྱས་ནས་སྨན་བཅོས་བྱ་དགོས། གཉིས་ནི་ལྟོས་བཅས་ཀྱིས་ས་ཁོངས(སྨན་བཅོས་ཁུལ་དང་། ཐོག་ཁང་། ནད་ཁུལ། ནད་ཁང་།)བཀོད་དེ་ཉིང་སྐྱུར་དཔེ་བཤེར་ནད་དུག་ཡོད་མཁན་ཚོ་བཞག་ནས་སྨན་བཅོས་བྱེད་པ་དང་། སྨན་ཞབས་མི་སྣ་ལྟོས་བཅས་ཀྱིས་གཏན་འཁེལ་བྱ་དགོས། གསུམ་ནི་སྨན་བཅོས་ལས་ཁུངས་ཀྱི་སྡོད་བཅོས་ཁང་དུ་འགྲོ་བ་ཡིན་ན་བདེ་ཐང་ཨང་རྟགས་དང་ཆུ་ཚོད48ནང་ཚུད་ཀྱི་ཉིང་སྐྱུར་དཔེ་བཤེར་ནད་དུག་མེད་པའི་དཔང་འཛིན་ལ་ཞིབ་བཤེར་ནན་མོ་བྱ་དགོས།

ལྔ། བདེ་ཐང་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས།

མང་ཚོགས་ལ་རང་ཉིད་དང་ཁྱིམ་མིའི་བདེ་ཐང་གི་འགན་འཁུར་མཁན་དང་པོ་ཡག་པོ་བྱ་དགོས་པ་སྣེ་ཁྲིད་བྱ་དགོས། མུ་མཐུད་དེ་ཁ་ཤུབས་རྒྱག་པ་དང་རླུང་ཁམས་ཡངས་སར་སྡོད་པ། ལག་པ་རྒྱུན་དུ་འཁྲུད་པ་སོགས་ཀྱི་འགོག་ཟོན་བྱེད་ཐབས་ལག་ལེན་བྱས་ཏེ། རང་ཉིད་དང་ཁྱིམ་མིའི་བདེ་ཐང་ཡག་པོ་བསྲུང་དགོས། གློ་གཅོང་དང་ཆམ་རིམས། ཏོག་གསར་སོགས་དབུགས་ལམ་གྱི་འགོས་ནད་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བྱ་དགོས། རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་སྤེལ་ཏེ་བདེ་ཐང་འཚོ་བའི་ཁོར་ཡུག་བསྐྲུན་དགོས།།

ཡོང་ཁུངས། དཀར་མཛེས་ཁུལ་ཏོག་གསར་གློ་ཚད་རིམས་ཚུལ་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་།

( ཐུབ་ཀྱིས་བསྒྱུར།)