སྤྱི་ཟླ12པའི་ཚེས26ཉིན་གནས་མཆོག་དཀར་མཛེས་ཁུལ་ཧང་ཀྲོའུ་རུ་སྤེལ་བའི་དཀར་མཛེས་ཁུལ་གྱི་ལེགས་ཆ་ཐོན་ཁུངས་མ་དངུལ་གཏོང་འཇོག་འོས་སྦྱོར་ཚོགས་འདུ་ཧང་ཀྲོའུ་གྲོང་ཁྱེར་དུ་གཉེར་བ་རེད།
ཐེངས་འདིའི་བྱེད་སྒོ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཙོ་གཉེར་བྱས་པ་དང་། ཁུལ་ཚོང་དོན་དཔལ་འབྱོར་མཉམ་ལས་ཅུས་ཀྱི་སྒྲུབ་འགན་འཁུར་ནས་དཀར་མཛེས་ཁུལ་གྱིས་ཚོང་འགུགས་དངུལ་འདྲེན་ལས་དོན་ལ་སྔ་འཛིན་ཕྱི་མཐུད་ངང་སྐུལ་འདེད་བཏང་སྟེ2022ལོ་ནས་འགོ་ཚུགས་ཏེ2023ལོར་གཉེར་བའི་ཀྲེ་ཅང་དང་དཀར་མཛེས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་ཚོགས་ཐེངས་ཤིག་ཡིན་པ་རེད།
འོས་སྦྱོར་ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥུང་ཅིང་ཧྥུང་གིས་དཀར་མཛེས་ཁུལ་གྱི་ལེགས་ཆ་ཐོན་ཁུངས་འོས་སྦྱོར་བྱས་ཤིང་། ཁོང་གིས་གནས་ཡུལ་ཁྱད་འཕགས་དང་གསར་བརྗེའི་གནས་མཆོག། ཐོན་ཁུངས་འབེལ་པོ། མཛེས་སྡུག་ལྡན་པའི་ས་ཁུལ། འཕེལ་རྒྱས་ཀྱི་བདེ་སྐྱིད་ས་ཆ་སོགས་ས་ཁུལ་ལྔ་པོ་གཅིག་སྡུད་གཙོ་གནད་བྱས་ནས། དཀར་མཛེས་ཁུལ་གྱི་མ་དངུལ་གཏོང་འཇོག་གོ་སྐབས་དང་ཚོང་གཉེར་ཁོར་ཡུག་ངོ་སྤྲོད་གང་ལེགས་བྱས་པར་མ་ཟད། ཡུལ་དངོས་སུ་འདེམས་སྒྲུག་ཞིབ་ཚགས་བྱས་པའི་ཡུལ་སྐོར་རིག་གནས་དང་ཞིང་འབྲོག་གི་སྨན་རྫས་དང་སྨན་བཅོས། དྭངས་གཙང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་ཚོང་འགུགས་ལས་གཞི61གི་གོ་སྐབས་གསལ་ཐོ་ཁྱབ་བསྒྲིགས་བྱས་ཏེ། ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིར་དཀར་མཛེས་ཁུལ་རྒྱུས་ལོན་དང་དཀར་མཛེས་ཁུལ་དུ་མ་དངུལ་གཏོང་འཇོག་བྱ་རྒྱུར་གདན་ཞུ་བྱས་པ་རེད།
ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནང་ད་དུང་དཀར་མཛེས་ཁུལ་གྱི་ཨ་རག་དང་ཤ། ཇ། ཤ་མོ། ཤིང་ཏོག། སྔོ་ཚལ། ཆུ། སྨན། འབྲུ། སྣུམ་སོགས་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་ཆེ་གྲས་བཅུ་དང་། རིག་གནས་གསར་གཏོད་ཐོན་རྫས། རྩེར་སོན་ཡུལ་སྐོར་ལམ་ཐིག་འགྲེམས་སྟོན་ཁུལ་བཅས་བཀོད་སྒྲིག་བྱས་ནས། ཚོགས་ཞུགས་མགོ་ཁྲིད་དང་སྐུ་འགྲོན་ཚོས་གཅིག་རྗེས་གཉིས་མཐུད་དུ་ལྟ་སྐོར་བྱེད་དུ་འོངས་ཏེ། དཀར་མཛེས་ཁུལ་གྱི་ཐོན་རྫས་ལ་བསྔགས་བརྗོད་བྱས་པ་དང་འབྲེལ་སྔ་ཙམ་དཀར་མཛེས་སུ་བསྐྱོད་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་བཤད་པ་རེད།།
(བདེ་སྐྱིད་ཀྱིས་བསྒྱུར།)