བྲེལ་འཚུལ་གྱི་ནམ་ཟླའི་ཁྲོད་ནས་ཚེ་སྲོག་གི་གོ་རིམ་འཛད་བཞིན་པའི་ཕལ་བའི་མི་ཡི་མཆོག་སྟེ་བདག་གི་ཨ་ཕ་ཡིན་ལ། དགུན་གྱི་ཙག་རླུང་དང་དབྱར་གྱི་ཆར་ཆུ་འདམ་གསུམ་དུ་བཞུད་མྱོང་བའི་ཕལ་བའི་མི་ཡི་མཆོག་ཡང་བདག་གི་ཨ་ཕ་ཡིན། ད་དུང་དྲན་པའི་གཞུང་དུ་གསོན་ཞིང་འཚོ་བའི་དཀྱིལ་དུ་མཆོང་རྒྱུག་བྱེད་བཞིན་པ་ནི་དྲིན་གྱི་མཆོག་སྟེ་བདག་གི་ཨ་ཕ་ཡིན། དེ་བས་ཨ་ཕ་ལགས། ཁྱེད་ཡོད་པས་ང་རང་བསོད་ནམས་མི་ཆུང་། གཞིས་ཁྱིམ་དྲོན་མོ་ཞིག་ཏུ་བདེ་སྐྱིད་ཀྱི་མེ་ཁ་གསོ་བཞིན་དགོད་སྒྲ་ཡིས་བར་སྣང་ཁེངས་པ་ནི་ཁྱེད་ཀྱི་ངལ་བ་དང་དཀའ་སྡུག་ལ་འབྲེལ་བ་དམ་ཟབ་ཆགས་ཡོད།
ཨ་ཕ། ལོ་ཡི་འཁོར་མོ་ཅི་ཚད་ཐུང་ཡང་ཞེ་འཇིངས་སུ་ཁྱེད་དྲན་པ་དེ་བས་མི་ཐུང་། མ་གཞི་ནས་ཁྱེད་ནི་ཕལ་བའི་མི་སྟེ། ངའི་ཡིད་དུ་ཁྱེད་ནི་ཕལ་བའི་མི་ཞིག་གི་ཚད་གཞིར་བཟུང་མྱོང་མེད་ལ་གཟུང་ཡང་མི་སྲིད། དེ་ནི་ང་གཅིག་པུ་མིན་པ་འུ་ཚང་གི་ཁྱིམ་མི་ཡོངས་ཀྱིས་ཁྱེད་ལ་དེ་འདྲའི་ཚད་གཞིར་གཏན་ནས་བཟུང་མེད། ཨ་ཕ་ལགས། དེ་ནི་ཁ་རོག་གེར་མིན་པ་ཁྱེད་ལ་འཆང་བའི་བརྩེ་སེམས་རྣམ་དག་ཅིག་གི་རྒྱབ་ལྗོངས་དང་རྟག་བརྟན་གྱི་ཞེན་ཆགས་ཤིག་ཀྱང་ཅི་ལ་མིན་ཨང་། མ་གཞི་ནས་ང་རང་ལ་མཚོན་ན་ནམ་རྒྱུན་ཁྱེད་དང་ཐུག་འཕྲད་བྱེད་པ་ཤིན་ཏུ་ཉུང་ཡང་བརྩེ་སེམས་དམར་པོའི་གྲུ་ག་ནས་ཁྱེད་རང་བོར་མྱོང་མེད་ལ་གློ་སྙིང་དྲོན་མོའི་དཀྱིལ་ནས་དེ་བས་ཁྱེད་རང་བརྗེད་མྱོང་མེད། ཡབ་ཆེན་ལགས། ཁྱེད་རང་ཡོད་པས་འུ་ཚང་ལ་དབྱར་ཁའི་ཡུལ་ལྗོངས་ལྟ་བུའི་མཛེས་སྡུག་ལྡན་བཞིན་དགུན་ཀའི་ཁ་བའི་མདངས་བཞིན་ཁྱིམ་གཞིས་དྲོན་མོ་ཞིག་གི་ཡིད་འོང་ཚོགས་པས་ང་རང་བསོད་ནམས་མི་ཆུང་།
ཨ་ཕ་ལགས། གཟི་བརྗིད་ཀྱི་ཉི་གཞོན་གསལ་ལ་དྭངས་གཙང་གི་བར་སྣང་ཡངས་པོ་ལས་བྱམས་བརྩེའི་ཆར་རྒྱུན་མ་ཆད་པ་ཡུན་རིང་དུ་ངེད་ཅག་དང་ལྷན་དུ་སྤྲོ་ཚོགས་དང་དགའ་བ་སྤྱོད་ནས་འགྲོག་དགོས་ཤིང་། བཅོས་མིན་གྱི་འཛུམ་མདངས་དང་རྣམ་དག་གི་བརྩེ་སེམས་འོག་ནས་ངེད་ཅག་དང་ད་དུང་ཡུན་རིང་དུ་འཚོ་དགོས་ཨང་། རྒྱུ་མཚན་ནི་ངེད་ཅག་ད་དུང་ནར་སོན་མེད་པས་ཡིན། ཨ་ཕ། གློ་བུར་དུ་ཁོ་བོས་འདི་ལྟར་བརྗོད། “དགུང་གི་ཉི་ཟླ་ཆ་འགྲིག། བར་གྱི་ཆར་སྤྲིན་ཆ་འགྲིག། ས་ལ་རྩྭ་ཆུ་ཆ་འགྲིག། བདག་ལ་ཕ་མ་ཆ་འགྲིག། ཆ་འགྲིག་མང་བས་སྐྱིད་པ།། སྐྱིད་པའི་ཁྲོད་ཀྱི་དགོད་སྒྲ།། ལས་ཀྱི་བཀོད་པ་ཡིན་ཨང་།། ” ཞེས་ཨ་འགྲིག་ཆ་འགྲིག་ནང་གི་བུ་ང་བསོད་ནམས་མི་ཆུང་། སླད་མར་ཨ་ཕ་ཁྱེད་དང་ཁྱེད་རང་ཇི་བཞིན་ཡུམ་ཆེན་གཉིས་ནི་ཚེ་ཐག་ཆུ་རྒྱུན་ལས་རིང་ཞིང་ཚེ་བསོད་ཉི་ཟླ་ལས་གསལ་བཞིན་ངེད་ཅག་དང་དུས་རྟག་ཏུ་འཚོ་ཞིང་བཞུགས་དགོས་ལགས་སོ།།
༼ ཁྲག་གདོང་། ༽