国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕུགས་འདུན་དང་ཕུགས་བསམ།

དགེ་རྒན་རྣམས་ཀྱིས་སློབ་སྐབས་རྟག་པར་མི་ཞིག་ཡིན་ཚེ་ཕུགས་འདུན་དགོས་རབས་གསུང་རྒྱུ་རེད། ཕུགས་འདུན་མེད་པའི་མི་ཚེ་ལ་དོན་སྙིང་མེད་ཚུལ་དང་ཕུགས་འདུན་དང་ལྡན་པའི་མི་ཚེ་ལ་ད་གཟོད་སྙིང་བོ་དང་བདེ་སྐྱིད་ཡོད་ཚུལ་གསུང་རྒྱུ་རེད། མཚམས་རེར་དཔེ་དང་སྦྱར་ནས་གསུང་རྒྱུ་རེད། སྐབས་རེར་ལུང་དང་འདྲེས་ནས་གསུང་རྒྱུ་རེད། མདོར་ན་ང་ཚོ་ནི་ཕུགས་འདུན་གྱི་ཆེད་དུ་འཇིག་རྟེན་ལ་ཡོང་བ་འདྲ་བོ་ཞིག་དང་ཕུགས་འདུན་གྱི་ཆེད་དུ་མི་ཡུལ་ལ་སྐྱེས་པ་འདྲ་བོ་ཞིག་གསུང་རྒྱུ་རེད། མི་རྣམས་ཀྱིས་ཀྱང་ཕུགས་འདུན་ནི་སྐྱེ་བོ་སོ་སོར་ངེས་པར་དུ་ཡོད་དགོས་པའི་ཀུན་སློང་ཞིག་དང་། མེད་དུ་མི་རུང་བའི་མི་ཚེའི་དོན་དག་ཅིག་ཏུ་བརྩིས་དང་རྩི་ཡི་ཡོད་པར་འདུག། དཔེ་ན། “འཇིག་རྟེན་འདིར་ཕུགས་འདུན་མི་མངའ་བའི་སྐྱེས་བུ་ཆེན་པོ་ཞིག་ད་ལྟའི་བར་བྱོན་མ་མྱོང་ཞིང་། བྱོན་པར་མི་འགྱུར། ལོ་རྒྱུས་ཁྲོད་ཀྱི་མི་ཚེར་གྲུབ་འབྲས་ཐོབ་མཁན་ཐམས་ཅད་ཀྱང་། ཕུགས་འདུན་ཟབ་མོ་འཆང་བའི་སྐྱེས་བུ་འབའ་ཞིག་གོ།”ཞེས་གདམས་པ་འདྲ་བོ་རེད། ཕུགས་འདུན་ཟེར་བ་ཡིད་ཀྱི་གཏིང་ལ་ཤར་མ་མྱོང་བའི་ང་ལ་མཚོན་ན་སློབ་སྐབས་དེ་དག་ནི་ཅི་འདྲའི་ཞེ་ནས་སུན་པ་ལ། སྐད་ཆ་དེ་དག་ནི་ཅི་འདྲའི་འུར་ཅ་ཟིང་བ་ལ།

མི་རྣམས་ཀྱིས་བཤད་ན་ཕུགས་འདུན་ལྡན་པའི་མི་ཚེ་ནི་དྲོད་ལམ་ལམ་དང་། ཕུགས་འདུན་སྟོངས་པའི་མི་ཚེ་ནི་འཁྱག་སིབ་སིབ་ཏུ་འགྲེལ་བཤད་བསྐྱོན་ནས་གདའ། གནའ་བོའི་ཀེ་རི་སི་མཚན་ཉིད་རིག་པའི་མཁན་པོ་སོ་ཁེ་ར་ཐེ་ཡིས་ཀྱང་། “འཇིག་རྟེན་འདིར་ཆེས་སྤྲོ་བའི་བྱ་གཞག་ཅིག་ཡོད་པ་ནི། ཕུགས་འདུན་གྱི་སླད་དུ་འབད་བརྩོན་རྒྱག་པ་དེ་ཡིན་”གསུངས། འོན་ཀྱང་ངའི་བསམ་པའི་འཆར་ངོས་ལ་ཤར་བ་ནི་དེ་ལས་ལྡོག་པར་འདུག་སྟེ། ཕུགས་འདུན་ལྡན་པའི་མི་ཚེ་ནི་བྲེལ་ཟིང་གི་གླགས་ནས་ཚར་ལ། ཕུགས་འདུན་ལྡན་པའི་མི་ཚེ་ནི་སེམས་ཁྲལ་དང་རེ་གདུང་གིས་གཏམས། ཕུགས་འདུན་མངའ་བའི་མི་སེམས་ནི་བདེ་སྐྱིད་དང་འཛུམ་མདངས་ཀྱིས་སྟོངས། ཁྱོད་ཀྱི་མི་ཚེ་ནི་ལར་ནས་རིང་པོ་ཞིག་མིན་ཏེ་བཅུ་ཕྲག་ཁ་ཤས་ཙམ་མོ།། མི་ཚེ་ཐུང་ཐུང་འདིའི་ནང་ཕུགས་འདུན་ཟེར་བའི་དཀའ་སྡུག་གི་ཁྲེས་པོ་ལྕི་མོ་ཞིག་ཡིད་ལ་བཟུང་སྟེ། ཉི་མཚན་ངལ་དུབ་ཀྱིས་བསྐྱལ་བ་ལ་ནི་སྙིང་པོས་སྟོངས། བདེ་སྐྱིད་ཀྱིས་སྟོངས། ལྷིང་འཇགས་དང་བག་ཕེབས་ཀྱིས་སྟོངས། ཕུགས་འདུན་མེད་པའི་ངས་ནི་དེ་ལྟར་དྲན།

ང་ཚོའི་ཕ་ཡུལ་ནི་གླིང་སྒྲུང་ཤིན་ཏུ་དར་ཁྱབ་ཡོད་པའི་ས་ཆར་གཏོགས། མ་ཁྲིད་བུ་ཁྲིད་ཀྱི་རྒས་གཞོན་རྣམས་ཀྱང་ཁོམ་གླགས་བཙལ་ནས་ལྷན་དུ་རུབ་སྟེ་སྒྲུང་གཏམ་ལ་ཉན། སྒྲུང་བརྙན་ལ་ལྟ། ཤུགས་རྐྱེན་དེས་ཆུང་ངུའི་དུས་སུ་ཨ་མ་ལགས་ཀྱིས་ངེད་མ་བུ་གཉིས་ཀྱི་འཚོ་བ་ནི་རྨ་སྨད་ཐང་གི་ཇོ་རུ་མ་བུ་དང་འདྲ་མཚུངས་ཀྱི་དཔེ་དང་ཡང་ཡང་སྦྱར། ང་ལའང་ང་རང་གེ་སར་ལྟ་བུ་ཞིག་བྱ་འདོད་ཀྱི་ཕུགས་བསམ་ཙམ་ནི་ཡོད་མྱོང་ཡང་། དེ་ལ་ཕུགས་འདུན་ཞེས་པའི་ཐ་སྙད་ནི་མི་འཚམ་པ་འདྲ། མི་རྣམས་ཀྱིས་ཕུགས་འདུན་དང་ཕུགས་བསམ་གཉིས་གཞི་གཅིག་ཏུ་གོ་བ་ལེན་གྱིན་ཡོད་ཀྱང་། ཕུགས་འདུན་ནི་ཚད་གཞི་ངེས་ཅན་ལྡན་ལ་ཡང་ཡང་བརྗེ་སྤོར་མི་རུང་བའི་འདུན་པ་ཞིག་ལ། ཕུགས་བསམ་ནི་བརྗེ་སྤོར་ཆོག་ལ་གནས་སྐབས་ཀྱི་རེ་བ་དང་སྟོང་བསམ་ཙམ་ལ་གོ་བའོ།། དེ་ནི་ངས་དཔེ་ཆ་ཞིག་གི་ནང་ནས་ཤེས་པ་ཡིན།

༼ རུ་ནང་ཡེ་ཤེས་འོད། ༽