国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་དུང་ཐིམས་པའི་ལྷ་མོ།

དབེན་པའི་རི་ཁྲོད་ཉི་འོད་ཡོངས་སུ་ཁྱབ། །

དྭངས་པའི་ཆུ་བོ་དལ་གྱིས་བསིལ་བྱུང་བཞུར། །

མཛེས་པའི་རྩ་ཐང་འདབ་ལྡན་སྣ་ཚོགས་བཀྲ། །

དུང་བའི་ལྷ་མོ་སྙིང་མཆིན་གསེབ་ནས་འཚུབ། །

བརྩེ་བའི་དར་སྐུད་སྐད་འཕྲིན་བར་ནས་གཡོ། །

འཛུམ་པའི་སྐྱེས་གཟུགས་ཁ་པར་ལམ་ནས་འཇལ། །

ནམ་ཟླ་འགྱུར་ཡང་སྐད་ཆ་འགྱུར་མེད་ལབ། །

དུས་རབ་གསར་པའི་དབྱར་གྱི་དུས་ཞིག་ལ། །

མེ་ཏོག་སྣ་བརྒྱ་བཞད་པའི་སྤང་ལྗོངས་ནས། །

འཛོམས་པའི་ལས་དབང་བཅོས་མའི་ཁྱོད་ཉིད་སྒུག །

བསིལ་བའི་རླུང་བུ་དལ་གྱིས་ལུས་ལ་འཚུབ། །

ངག་གི་སྨྲ་ལྕེ་བདེ་བའི་ཉམས་འགྱུར་བཀོད། །

སྐར་མ་སྨིན་དྲུག་སྒང་གི་མཁའ་ལ་ཤར། །

བསིལ་ཟེར་དཀར་པོ་ཁོ་བོའི་གམ་དུ་ཟིན། །

འདོད་པའི་རི་མོ་ཁྱོད་ཀྱི་གཟུགས་ལ་ཕོག །

དུང་བའི་སྙིང་གཏམ་མལ་ཁྲིའི་སྟེང་ནས་སྤེལ། །

གྱེས་བྲལ་འཚོ་བ་རླུང་གི་དལ་གྱིས་གཏོར། །

བརྩེ་བའི་འདབ་མ་ཉི་མའི་གསེབ་ནས་སྨིན། །

རིང་དུ་མཆིས་པའི་སེམས་ཀྱི་མཛའ་ན་མོས། །

ཚོར་སྣང་བསིལ་བའི་མིག་ཆུའི་ངོ་གདོང་བཀྲུས། །

དབེན་པའི་ཚོར་བ་དགའ་སྐྱོ་འདྲེས་མ་འདི། །

དཔེ་ཀློག་ཟིན་བྲིས་ཁྲོད་ནས་དྲོད་གཅིག་མཆེད། །

གསང་བ་རོལ་བའི་བཅོས་མའི་དབང་པོ་ལ། །

དྲོད་ཀྱིས་མཆིས་པ་ལྷ་མོ་ཁྱོད་ལས་སུ། །

བརྩེ་བའི་མཛེས་སྡུག་བཞད་པའི་ལང་ཚོ་ཡིས། །

བསིལ་ཟེར་ཐིམས་པའི་མཁའ་ཡི་ལྷ་མོ་ཁྱེད། །

དུས་ཀྱི་འབྲོག་གི་ལྷས་རའི་ཨ་ཅེ་མར། །

བརྩེ་དུང་རྡོ་རྗེའི་མདུད་པ་སླར་ཡང་བཏབ། །

མཛེས་ཉམས་ལང་ཚོ་ཇི་ལྟར་མོད་གྱུར་ཀྱང་། །

སེམས་ཀྱི་ཟབ་ས་བརྩེ་བའི་ཞིང་ཁམས་སུ། །

རྨིས་པའི་རི་གྲོང་བར་གྱི་རེ་འདོད་དུ། །

འཁོར་བའི་བདག་མོ་ཨེ་མ་ཁྱེད་ལས་སུ། །

བསིལ་བྱུང་བསིལ་བའི་དོ་ནུབ་སྐར་ཚོགས་འགྲམ། །

གླིང་བུ་གླིང་ལ་དཀྲོལ་བའི་ན་ཆུང་མས། །

ཆང་དང་ཆང་ལ་རོལ་བཞིན་ཁོ་བོ་ལ། །

ཚིག་གི་སྙན་བརྗོད་རིང་མོས་ཡིད་སེམས་བཟི། །

༼ དབྱངས་ཞི་བ། ༽