国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་གསར་པའི་ནང་ལ།

ལོ་གསར་པའི་ནང་ལ།

ཞོགས་པའི་སྐྱ་རེངས་ཀྱིས་ཁ་གཡང་བསྒྲིགས་ཏེ་

ལོ་སར་ཚེས་གཅིག་གིས་རྟེན་འབྲེལ་མངོན་ནས་

བསང་དུད་སྔོན་པོ་ཞིག་དང་

ཀི་བསོ་དང་ལྷ་རྒྱལ་གྱི་རེ་སྨོན་ཞིག་གིས་

གནམ་ལོ་གསར་པ་བསུ། གཡང་ལོ་གསར་པ་བསུ།

ལོ་གསར་པའི་ནང་ལ།

ཤོག་སྦག་གད་སྒྲ་ཡིས་བསུ་མ་བྱེད་བཞིན།

གོས་ཡག་ལྭ་ཡག་གིས་རྟེན་འབྲེལ་བསྒྲིགས་ནས་

དུང་དཀར་ཀྱི་རྒྱང་འབོད་ཐོག་མ་དང་

འོ་ཇ་ཡི་མཆོད་མགོ་དང་པོས་

གནམ་ལོ་གསར་པ་བསུ། གཡང་ལོ་གསར་པ་བསུ།

ལོ་གསར་པའི་ནང་ལ།

ཕ་ཨ་ཁུས་ཆང་ཕོར་བཏེགས་ནས་

མ་སྲུ་མོས་གླུ་སྐད་བཀུགས་ནས་

ནང་ན་ཟླས་སྨོན་ཚིག་བཤད་ནས་

སྐྱིད་གཞིས་ཁྱིམ་ལྷན་འཛོམས་ཁྲོད་ནས་

གནམ་ལོ་གསར་པ་བསུ། གཡང་ལོ་གསར་པ་བསུ།

ལོ་གསར་པའི་ནང་ལ།

ཉི་མ་གསར་པ་ཞིག་གིས་

སྨོན་འདུན་གསར་པ་ཞིག་ཁུར་ནས་

ཚེ་རླུང་རྟ་དར་བའི་སྨོན་ལམ་འདེབས།

བློ་རིག་པ་རྒྱས་པའི་བཀྲ་ཤིས་ཤོག།

རྒྱུ་འབྱོར་བ་འཕེལ་བའི་རྟེན་འབྲེལ་འགྲིག།

རྟགས་རྟེན་འབྲེལ་ཡག་པའི་བཀྲ་ཤིས་ཤོག།

ནང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

༼ ཁ་བ་ན་རོ། ༽