སྤྱི་ཟླ2པའི་ཚེས6ཉིན་ལ་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པ་བྱེད་སྐབས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་གང་མགྱོགས་གཏོད་རྒྱུ་དང་འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་གྱི་རང་འགུལ་དབང་ཆ་ཆེ་རུ་གཏང་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་གྲོང་ཁྱེར་དང་ཐིང་རིམ་པའི་འགན་འཁུར་བློ་མཐུན་གཙོ་བོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་ཡོད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་།
གྲོས་ཚོགས་སུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པའི་སྐབས་ཀྱི་གསུང་བཤད་གལ་ཆེན། འཕེལ་རྒྱས་ཀྱི་གནས་བབ་གསར་པ་གང་མགྱོགས་གཏོད་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་རྒྱས་བཤད་གཏིང་ཟབ་གནང་བ་དང་། ནང་མཁོ་ཆེ་རུ་གཏང་རྒྱུ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་གཅིག་གྱུར་འཆར་འགོད་དང་ཤུགས་ཆེན་གཏང་རྒྱུ། ཚན་རྩལ་རང་ཚུགས་དང་རང་སྟོབས་རང་འཕེལ་གྱི་གོམ་སྟབས་མགྱོགས་སུ་གཏང་རྒྱུ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུ། གྲོང་ཡུལ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་སོགས་ཀྱི་ཐད་བླང་བྱ་གསལ་པོར་བཏོན་གནང་བས་ཆབ་སྲིད་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད། རིམ་ཁག་སྡེ་ཚན་སོ་སོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་འཕེལ་རྒྱས་ཀྱི་གནས་བབ་གསར་པ་མགྱོགས་མྱུར་གཏོད་པའི་འཐབ་ཇུས་ཀྱི་དོན་སྙིང་དང་། གཙོ་གནད་ལས་འགན། ལག་ལེན་གྱི་བླང་བྱ་བཅས་སྟངས་འཛིན་འཕྱུགས་མེད་བྱས་ནས་མ་སྐུལ་དང་བླངས་ཀྱིས་ལས་དོན་ཁག་འཕེལ་རྒྱས་ཀྱི་གནས་བབ་གསར་པ་གཏོད་པའི་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱ་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་འཇུག་སྒོ་གནད་འཁེལ་བཙལ་ནས་གཙོ་གནད་ལས་ཀ་དང་། བཅོས་བསྒྱུར་གལ་ཆེན། བྱེད་ཐབས་གལ་ཆེན། ལས་གཞི་གལ་ཆེན་བཅས་ལ་སྐུལ་འདེད་ཏན་ཏིག་གཏང་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་བ་སྣང་ཆེན་བྱེད་པ་དང་།ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱ་རྒྱུར་ཤུགས་རྒྱག་པ། གསར་གཏོད་ཁོར་ཡུག་དང་ཚོང་གཉེར་ཁོར་ཡུག་བཟང་པོ་བཏོད་ནས་གསར་གཏོད་བྱེད་པོ་སྣ་ཚོགས་དང་ཁྲོམ་རའི་བྱེད་པོའི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་བསླང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་བདེ་འཇགས་མ་ལག་དང་ནུས་པ་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ་བདེ་འཇགས་ཆུ་ཚད་མཐོན་པོས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱ་དགོས།
ཚོགས་འདུར་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《ཐོན་ཁུངས་གྲོན་ཆུང་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། གྲོན་ཆུང་བྱ་རྒྱུ་དེ་ཐོན་ཁུངས་གསར་སྦོལ་བེད་སྤྱོད་ཀྱི་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་ཐོན་ཁུངས་བསྡོམས་འབོར་དོ་དམ་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག། ཁྱོན་ཡོངས་ནས་གྲོན་ཆུང་། འཁོར་རྒྱུག་ངང་བེད་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐོན་ཁུངས་བེད་སྤྱོད་གཏོང་སྟངས་རྩ་བའི་ཆ་ནས་འགྱུར་ལྡོག་མགྱོགས་སུ་གཏང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུར་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་གྲོང་ཁྱེར་དང་ཐིང་རིམ་པའི་འགན་འཁུར་བློ་མཐུན་གཙོ་བོའི་དཔེ་ཀློག་འཛིན་གྲྭའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་བྱས་ཤིང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱ་དགོས་པ། ཞིང་ཆེན་ཏང་ཨུའི་ཅན་བཞིའི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་ཏེ། རིག་གནས་ཡུལ་སྐོར་དང་མཐོ་སྒང་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས། ནུས་ཁུངས་གཙང་མ་བཅས་ལས་དོན་ཆེན་པོ་གསུམ་གཅིག་གྱུར་འཆར་འགོད་བྱས་ནས་ཡག་པོ་སྒྲུབ་པ།“དཔེ་སྟོན་གཉིས་དང་གནས་ཡུལ་གསུམ”མགྱོགས་མྱུར་བསྐྲུན་པ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་བཏང་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་ལམ་བུར་ཧུར་ཐག་བསྐྱོད་དགོས་ཞེས་ནན་གསུང་གནང་བ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)