国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱོ་བས་ཟད་པའི་ ནམ་ཟླ།

དགུང་སྔོན་སྐར་ཚོགས་མཛེས་པ་ཐག་རིང་མགྲོན་པོ།།

རླུང་བུ་དལ་གྱིས་གཡུགས་པ་མནར་གཅོད་རོལ་དབྱངས།།

ཟླ་བ་ཁེར་རྐྱང་ཡིན་པ་འགྲེལ་དགོས་མི་འདུག།

མིག་ཆུ་སེམས་ལ་ལྷུང་བ་རང་རྟོན་ཞིག་རེད།།

ཉེ་བར་གཅར་དུ་མེད་པའི་མི་སེམས་གཤོག་ཐོགས།།

ཐག་རིང་རྒྱང་དུ་སྤུར་བའི་སྨྲེ་ངག་མི་གདོན།།

ཁྱོད་ལ་མིག་ཆུའི་གཏམ་རྒྱུད་འབྲི་དོན་མི་འདུག།

རང་དབང་རང་གིས་སྤྱད་འདི་ཁེར་ཚུགས་ཤིག་རེད།།

གཟུགས་མེད་རྣམ་ཤེས་སྨྱོན་མ་ཁྱོད་ལ་འཁྲི་ནས།།

སེམས་ཚོར་འཁྱག་པའི་ངུ་ངག་དབྱངས་ལ་གྱེར་བའི།།

མི་ཟད་འདོད་རྔམས་མཆེད་པའི་ཚ་རླབས་བསྐྱུར་རྗེས།།

དྲན་ཤེས་ཆུ་རྐྱང་བཏུང་འདི་རང་གཅུན་ཞིག་རེད།།

རྒྱང་ནས་འཇའ་ཚོན་བཞད་པའི་ཚུལ་དུ་འཁྲུལ་ཞིང་།།

གམ་ནས་གསོབ་གཟུགས་སྣང་བའི་རྣམ་རྟོག་ཁྲེལ་མེད།།

ཨ་གསར་གདོན་གྱིས་བསླུས་པའི་གཡབ་མོ་བསྐྱུར་ནས།།

ཁེར་རྐྱང་ཕར་མཐའ་གཞལ་འདི་ཐར་ལམ་ཞིག་རེད།།

འཛུམ་ཀོང་ཕག་ཏུ་ཡིབས་པའི་ཁྲོ་གཉེར་རླབས་ཀྱིས།།

སེམས་ཀྱི་ཆུ་རིས་བཤིག་པའི་རྗེས་ཤུལ་དེ་ནས།།

དགའ་སྐྱོ་གཞན་ལག་སྤྲད་པའི་ཟློས་གར་བསྐྱུར་རྗེས།།

ན་ཟུག་ཉམས་སུ་མྱོང་བ་མཛེས་སྡུག་ཅིག་རེད།།

གདུང་སེམས་མེ་རུ་སྦར་བའི་ངོ་གདོང་སྐྱ་བོ།།

སྨྲེ་ངག་དབྱངས་ལ་གྱེར་པའི་ལམ་འགྲམ་མི་ཚོགས།།

ཆང་ཁང་འུར་གྱིས་བཀང་བའི་སྙིང་ཉེ་བསྐྱུར་ནས།།

རང་ལ་གློ་བ་ཉེ་འདི་སྙིང་སྟོབས་ཤིག་རེད།།

ཨ་མ་མི་མོ་མ་རེད་ལྷ་མོ་ཞིག་རེད།།

བརྩེ་བ་སྡུག་བསྔལ་མ་རེད་སྙིང་རྗེ་ཞིག་རེད།།

ཡོད་ཚད་རིགས་སྒྲེས་ཕུང་བའི་དག་སྣང་བསྐྱུར་ནས།།

སྒེར་སེམས་མགོ་བོ་ནོན་འདི་རང་རྟོགས་ཤིག་རེད།།

ནམ་ཟླ་སྐྱོ་བས་ཟད་པ་སུ་ཡིས་ཤེས་སམ།།

ང་ཡི་ལང་ཚོའི་སྐྱོ་གར་ཁྱོད་ཀྱི་ཡིན་ནམ།།

གཏམ་རྒྱུད་ཨ་ཙ་མ་དེ་ཤུལ་དུ་བསྐྱུར་ནས།།

རང་སེམས་རང་ལ་དབང་འདི་བདེ་སྐྱིད་ཅིག་རེད།།