ནམ་ཞིག་མེ་ཏོག་བཞད་པ་སུ་ཡིས་ཆ་འཇོག་མེད་ཀྱང་།།
ནམ་ཟླས་རིམ་གྱིས་དེད་པའི་དུས་ཚིགས་གློ་བུར་ཞིག་ལ།།
ན་ཆུང་སེམས་ཀྱི་ཐང་ཆེན་གངས་དང་ཆར་པས་བརླན་ཏེ།།
ཚོར་བའི་ཉིན་སྲིབ་བར་ལ་སྲིད་པའི་དབྱར་དགུན་འཐབ་བྱུང་།།
སེམས་ལ་ཤར་བའི་ཟླ་བ་འཕེལ་འགྲིབ་མོད་པས་ཡིན་ནམ།།
སྣང་བའི་དར་ལྕོག་སྐྱོད་པས་ལམ་གྱི་ཉི་འོད་བསྒྲིབས་རེད།།
གང་ལྟར་སྒྱུ་མའི་གཡོར་གྲུ་སྨིག་སྒྱུའི་མཚོ་ལས་གཡོ་བའི།།
ཡིད་འོང་བསླུ་བྲིད་ཅིག་གིས་རི་དྭགས་རྙི་ལ་ཚུད་བྱུང་།།
འདུས་བྱས་ཆུ་བུར་ཀློང་གི་སྡུ་གུའི་སོ་དཀར་འཛུམ་བག།
འཕོ་མེད་རྗེ་བཙུན་ཏཱ་རེའི་མཐོང་གྲོལ་ཞལ་དུ་འཁྲུལ་ནས།།
ངུ་དྲི་བྲོ་བའི་གཏམ་རྒྱུད་འཆི་གསོན་བར་ནས་བརྒྱུད་དེ།།
མིག་ཆུས་བཀྲུས་པའི་བརྩེ་བ་ལང་ཚོའི་དུར་སར་གྱུར་བྱུང་།།
ཚིག་རྟིང་མནའ་ཡིས་དགག་པའི་མི་ཕྱེད་དམ་བཅའ་ཟེར་བ།།
ལོ་ཟླའི་མིག་ཆུས་བངས་ནས་རྙིང་ཧྲུལ་རལ་པར་གྱུར་རྗེས།།
ལས་ཀྱི་མེ་ཏོག་བསྐམས་ཏེ་སེམས་ལ་དགུན་ཁ་ཚེས་འདུག།
སྙིང་ཉེ་སྙིང་ཉེ་མ་གསུངས་སྙིང་ཤ་གཏིང་འོག་བརྗེས་བྱུང་།།
གཞོན་ནུའི་ལང་ཚོའི་སྐྱོ་གར་དགུན་གྱི་ཉི་མས་མ་དྲོས།།
འཁྱག་ལ་འབྱར་བའི་བརྩེ་བ་འཁོར་བའི་ནང་ནས་བོར་བ།།
རང་སྲོག་ཤོར་བ་ཡན་ཡིན་ག་ལེར་མིག་ཆུ་འབྱིད་དུས།།
མཐའ་མེད་སྡུག་གི་ཚོར་བས་སྙིང་ཤ་གས་པ་མཐོང་བྱུང་།།
སྣང་ཤས་རླུང་ལ་བསྐྱོན་དུས་ཚོར་བ་ཅི་འདྲའི་སྐྱེན་ཨང་།།
བརྩེ་དུང་ཆུ་རུ་གྱུར་པའི་ཧ་ཅང་སྙི་བའི་སེམས་པས།།
རྣམ་འགྱུར་ཕྲན་ཙམ་མི་ཐེག་མིག་མཐར་མཆི་མ་ཉིལ་ལེར།།
ཤིན་ཏུ་སྐྱོ་བའི་ཚུལ་གྱིས་ཁྱོད་རང་གྱུར་འདུག་ལབ་བྱུང་།།
བསམ་པས་སྐྲུན་པའི་འཇིག་རྟེན་ལྷ་ཕྲུག་ཡུལ་གྱི་གནས་ཡིན།།
དངོས་ཡོད་འཚོ་བའི་ཁ་དོག་ན་རག་དམྱལ་བའི་འཕྲང་ཡིན།།
རྨི་ལམ་ནང་གི་འཁོར་བ་འཇའ་ཚོན་བཞིན་དུ་འཛུམ་རྗེས།།
ལག་གི་ཐུག་རེག་མེད་པས་ཡིད་སེམས་སྐྱོ་ནས་ངུས་བྱུང་།།
རྨི་ལམ་ནང་གི་རྟ་ཕོའི་རྔ་རྔོག་ལིང་ལིང་གཡུགས་པ།།
འདི་སྣང་ཟམ་ཆེན་སྟེང་གི་གཞོན་པའི་སྣང་བ་ཡིན་སོང་།།
མཚོ་ལ་ཁ་བ་བབས་འདྲའི་དུང་སེམས་གཉོམ་ཆུང་མ་དེས།།
མི་རྟག་ཚེ་སྲོག་འདི་ལ་སྙིང་པོར་མི་འདུག་གསུངས་བྱུང་།།
རྒྱང་རིང་རྒྱང་རིང་ཞིག་ན་ཡིད་དུང་སྤུར་བ་ཅི་ཡིན།།
རླུང་གི་གཤོག་པ་མེད་པས་མྱ་ངན་བྱེ་མའི་ཐང་ཆེན།།
རྐང་པས་བཅད་དེ་འགྲོ་དགོས་ན་ཆུང་འཁྲུལ་བའི་ལེའུ།།
འགོ་མ་དབྱར་ཟླ་ཡིན་ཡང་མཇུག་མ་དགུན་ལ་ཁེལ་བྱུང་།།
ལང་ཚོའི་གོམ་སྒྲའི་བར་ནས་སྣང་བ་དབྱིངས་ལ་སྤུར་ཏེ།།
མིག་ལ་ཤར་བའི་འཇའ་ཚོན་གཏན་གྱི་མཛེས་པ་སྒོམ་པའི།།
གཞོན་ནུའི་འཆར་ཡན་རྨི་ལམ་དུས་ཀྱི་བ་མོས་སད་ནས།།
མཐའ་ཡས་བརྩེ་བའི་འདུ་ཤེས་སྙིང་གི་རྨ་ཁར་གྱུར་བྱུང་།།
མི་ཚེ་ཨ་ཀྱོག་པ་ཀྱོག་འཚོ་བ་མངར་སྐྱུར་ཁ་གསུམ།།
ཐོད་པའི་ཁ་ཡིག་ཡིན་པས་སྐྱིད་སྡུག་གཉིས་ཀྱི་ལོ་རྒྱུས།།
རེ་ཐག་ཆད་པའི་བདེ་སྐྱིད་ལས་ཀྱི་ཁུར་པོར་གྱུར་རྗེས།།
མིག་ཆུ་ནང་གི་བྱམས་པ་སྐྱོ་ངལ་ཁྲོད་ནས་རྒས་སོང་།།