国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབེན་པའི་ལྷིང་ འཇགས།

ཁ་བ་ལྷབ་ལྷུབ་བར་སྣང་དབྱིངས་ནས་སྤུར།།

རླུང་བུ་འཇམ་པོས་གཡེར་དྲིལ་སིལ་སིལ་སྒུལ།།

སྒེའུ་ཁུང་གམ་ནས་མདུན་རིའི་ངོས་ལ་ཅེར།།

དབེན་པའི་ལྷིང་འཇགས་ཡིད་ཀྱི་གདིང་ལ་ཐིམས།།

ངུར་སྨྲིག་འོག་ནས་སེམས་ཀྱི་བདེ་དྲོད་བཙལ།།

རྣམ་རྟོག་རྟ་ཕོ་དྲན་ཤེས་སྲབ་ཀྱིས་བཅུན།།

གཞོན་པའི་སྣང་བ་མི་རྟག་རླུང་ལ་སྐུར།།

བཙུན་ཆུང་ཚོ་ཞེས་རྒན་གྱི་གདམས་ངག་དྲན།།

གྲག་འགུལ་མེད་པའི་ཁང་མིག་ཆུང་ཆུང་ནང་།།

ཁེར་རྐྱང་འཚོ་བར་འདྲིས་ལོབ་བྱེད་བཞིན་དུ།།

ཁྲ་ཁྲ་ཟིང་ཟིང་འདུ་འཛིའི་འཁོར་བའི་གྲོང་།།

ཞེན་ཆགས་ཕྱིར་མིག་འཕེན་ལ་འགོག་ཐབས་བྱས།།

འཁོར་བའི་བདེ་སྡུག་རིང་མོ་རླུང་ལ་བསྐུར།།

དགྲ་གཉེན་ཁྱིམ་ཐབ་སྐྱོང་ཚུལ་རྒྱབ་ཏུ་བསྐྱུར།།

བུ་དང་བུ་མོ་འདུས་པའི་ལམ་དང་གྱེས།།

དབེན་པའི་ལྷིང་འཇགས་འདི་ལ་གྲོགས་སུ་བསྟེན།།

ཆུང་གྲོགས་ན་ཟླ་ཚོ་དང་སོ་སོར་གྱེས།།

ཡུལ་གྱི་རྩྭ་ཐང་ནོར་ལུག་རྒྱབ་ཏུ་བསྐྱུར།།

ཆོས་དཔེ་སྣ་རིང་མ་ཞིག་མདུན་དུ་བཤམས།།

ང་ཡི་འཇིག་རྟེན་ཆུང་ཆུང་སིམ་མེར་གནས།།

སྒྱུ་མའི་ཟློས་གར་མོད་པའི་འཚོ་བའི་ཁྲོད།།

ང་ཡི་བདེ་སྡུག་རི་མོ་སུ་ལ་གསལ།།

རང་སེམས་དབེན་པའི་རི་ལ་ཉེར་འཁོར་ནས།།

ཡུན་ཐུང་མི་ཚེ་ཞིག་གི་སྙིང་པོ་འཚོལ།།