ཞེ་སྣང་སྨུག་པ་འདི་ཡང་ཨ་གསར་ཡིན་འདྲ།།
གན་གྱི་རི་བོའི་མགུལ་ནས་ཆ་མེད་འགྱུར་འགྲོ།།
ཁ་དོག་སྣ་ལྔས་སྒེག་པའི་མིག་གི་འཇའ་ཚོན།།
དེ་ཙམ་མཛའ་རྒྱུ་མི་འདུག་སྟོང་པའི་གཟུགས་བརྙན།།
རྒྱང་རིང་རྒྱང་ནས་བཞད་པའི་རྡུལ་མེད་མེ་ཏོག།
མིག་གིས་མཐོང་ཐེངས་མང་པོས་ཞིག་རལ་བྱས་སོང་།།
རྣམ་རྟོག་སྒྱུ་མ་མཁན་གྱི་འཁྲབ་སྟོན་མཐོང་ཚེ།།
ཁྲེལ་གཞུང་ལུང་པའི་ཕུ་ནས་ཆུ་སྒྲ་ཆད་སོང་།།
ཞེན་ཆགས་སྟོང་གིས་བསླས་པའི་སྐུད་པ་དམར་པོ།།
འབྲེལ་འདྲིས་ལོ་ཟླའི་གཞུང་ནས་དུས་ཀྱིས་རྙིད་སོང་།།
ཞེ་ལ་འཇག་སྐྱ་འཕྱུར་བའི་ང་ཡི་ལུང་པ།།
ཆུ་མིག་སྟོང་གིས་བསྐྱུར་བའི་གྲམ་ཐང་ཡིན་འདྲ།།
ལོ་ཟླའི་རྐང་པས་བརྫིས་པའི་ཞེ་འདང་སྐྱོ་བོས།།
གསར་རྙིང་འདུ་ཤེས་ལོག་པས་ང་རང་གཡུགས་སོང་།།
གཏན་དུ་རྒྱུས་ལོན་དཀའ་བའི་མི་སེམས་ཁྲ་ཁྲ།།
གདོན་དང་སྲིན་པོས་བསླུས་པའི་རང་གཟུགས་མངོན་འདྲ།།