国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲིན་ཕ་མ་ཉི་ཟླ་རྙེད་མེད་ཡིན།

མཐོ་རི་གསུམ་རི་རྩེ་གངས་ཀྱིས་བཟུང་།།

གངས་ཁ་བ་གནའ་འབབ་ད་འབབ་རེད།།

དེ་ཡིན་ཡང་ཡིན་ལ་རེད་ཀྱང་རེད།།

འོད་གཟི་མདངས་མ་ཡལ་བསྐལ་པ་འགོར།།

དཔེ་འདི་ལ་དཔེ་ཟླ་ཨེ་གདའ་སྟེ།།

དེ་མི་གདའ་དཔེ་ཟླ་ངས་ཁྱོད་བཤད།།

དྲིན་ཕ་ལོའི་དཔའ་གདེང་དེར་འདྲ་སྟེ།།

མདངས་མ་ཡལ་གཟི་བྱིན་ཇེ་ཆེར་རེད།།

ནགས་རྒྱ་རྫོང་ཁྭ་ཏ་བྱ་ལ་འགྲན།།

བྱ་རྒོད་པོའི་གཤོག་འགྱུར་མི་ལོངས་སྟེ།།

སྤྲིན་བང་རིམ་དགུ་བརྩེགས་གཅོད་དུས་ན།།

གཤོག་སྐྱེན་འགྱུར་གང་བཟང་དེ་ནས་ཤེས།།

དཔེ་འདི་ལ་དཔེ་ཟླ་ཨེ་གདའ་སྟེ།།

དེ་མི་གདའ་དཔེ་ཟླ་ངས་ཁྱོད་བཤད།།

དྲིན་ཕ་ལོའི་བྱ་བྱེད་དེར་མཚུངས་ཏེ།།

དགག་འགོག་རྐྱེན་བྱུང་ན་གསེར་གཤིས་མངོན།།

དགུང་ཉི་ཟླ་འཆར་ནུབ་རེས་མོས་ཏེ།།

འཆར་མི་ཐུབ་གཞན་ནས་ལུས་དོགས་མེད།།

འོད་གསལ་མོག་བསིལ་དྲོད་སྤྲོ་དུས་ན།།

ཁོང་སྐྱེ་འགྲོ་སྐྱེ་དགུའི་ཕ་མ་ཡིན།།

དཔེ་འདི་ལ་དཔེ་ཟླ་ཨེ་གདའ་སྟེ།།

དེ་མི་གདའ་དཔེ་ཟླ་ངས་ཁྱོད་བཤད།།

དྲིན་ཕ་ལོའི་བསླབ་བྱ་དེར་འདྲ་སྟེ།།

རོ་མངར་སྐྱུར་ཁ་བསྐ་ཚ་ལན་འཛོམས།།

ལྷ་སྟོན་པ་དགྲ་བཅོམ་དཀོན་མཆོག་གསུམ།།

སྡིག་ཉོན་མོངས་ཀུན་ལས་ཐར་བ་སྟེ།།

ཁོང་བྱང་སེམས་ཆོས་ཀྱི་སྙིང་པོ་ལ།།

ལུས་ཤ་ཁྲག་འབུལ་ལ་ཐེ་ཚོམ་མེད།།

དཔེ་འདི་ལ་དཔེ་ཟླ་ཨེ་གདའ་སྟེ།།

དེ་མི་གདའ་དཔེ་ཟླ་ངས་ཁྱོད་བཤད།།

དྲིན་ཕ་ལོའི་ཞེ་སེམས་དེར་མཚུངས་ཏེ།།

དོན་གནད་ལ་ཐུག་ན་ཅི་ཡང་གཏོང་།།

རྟ་འདོ་བའི་གོང་ནས་གློག་ལྟར་འཁྱུག།

བོའུ་ཁྲ་རིང་འཕེན་དུས་དགྲ་སྙིང་འབྱིན།།

ལས་དཀར་ནག་འཐབ་མོའི་གཡུལ་ས་ན།།

བུ་དཔའ་བོའི་དཔའ་སྐད་སེང་ལ་འགྲན།།

དཔེ་འདི་ལ་དཔེ་ཟླ་ཨེ་གདའ་སྟེ།།

དེ་མི་གདའ་དཔེ་ཟླ་ངས་ཁྱོད་བཤད།།

ཡབ་མེས་པོའི་སྐྱེས་རབས་དེ་ལྟར་རེད།།

ཕ་རྒོད་པོའི་རྒས་རབས་དེར་འདྲ་རེད།།

རྟ་འདོ་བའི་བྱང་ལམ་གཅོད་པ་ལ།།

བོང་སྐྱ་ལིའི་རྡུལ་ལམ་འགྲན་དུ་མེད།།

ལྕག་ཕྲ་མོས་གཞུས་དང་མ་གཞུས་རུང་།།

རྒྱུག་བང་ཁ་འདོ་བའི་ཡན་ན་མེད།།

དཔེ་འདི་ལ་དཔེ་ཟླ་ཨེ་གདའ་སྟེ།།

དེ་མི་གདའ་དཔེ་ཟླ་ངས་ཁྱོད་བཤད།།

ཕ་བཟང་བོའི་རུས་པ་དེར་མཚུངས་ཏེ།།

མི་རྒས་རུང་བློ་སྤོབས་རྒས་སུ་མེད།།

སྟག་དམར་ཡག་ངར་རྒོད་ངར་སྒྲ་དེ།།

ཁྱི་སྡར་ལིའི་ཟུག་སྐད་འདྲ་ལེ་མིན།།

ཕྱིའི་སྤུ་ཁའི་འཛམ་དྲུག་ཐིག་ལེ་དེ།།

ཝ་དམར་པོའི་གྲ་ཟླ་ག་ལ་ཡིན།།

དཔེ་འདི་ལ་དཔེ་ཟླ་ཨེ་གདའ་སྟེ།།

དེ་མི་གདའ་དཔེ་ཟླ་ངས་ཁྱོད་བཤད།།

ཕ་རྒོད་པོའི་འཛུམ་དྲུག་ཐིག་ལེ་དེ།།

ལུས་ཕྱི་ན་མི་གསལ་ནང་ན་གསལ།།

ནད་མཁྲིས་པའི་སྨན་གྱི་རྡོག་པོ་དེ།།

ལྕེ་ཁ་ཁ་ཟེར་ཡང་འཐུང་ཡག་བྱོས།།

ཤ་ཚ་བའི་ཕ་གཏམ་བསླབ་བྱ་དེ།།

རྣར་གཟན་རུང་ཡིད་ལ་འཛིན་ཡག་བྱོས།།

བུ་རྒོད་པོ་རྒྱལ་ཁམས་འགྲིམས་དུས་ན།།

སེམས་ཞེན་ཆགས་ཡུལ་ལ་ཡོད་ནི་བྱོས།།

འཕུར་གཤོག་རྩལ་ཁོ་ལག་རྫོགས་དུས་ན།།

ནང་ཕ་མའི་རྒས་ཉམས་སེམས་ལ་ཞོགས།།

དུས་ཏབ་ཅིག་ཁོམ་ལོངས་བྱུང་སོང་ན།།

སྐུ་ནད་མེད་བདེའམ་འཚམས་འདྲི་ཞུས།།

ཚིག་མཐུན་མིན་འགལ་རྩོད་བྱུང་དང་ན།།

ཕམ་ཁས་ལེན་གཉོམ་སོ་རང་གིས་ཁུར།།

དྲིན་ཕ་མ་ལ་ཁའི་ཉི་མ་ཡིན།།

འོད་ནམ་ཡལ་ངེས་མེད་རྒྱུས་མེད་ཡིན།།

སོས་དལ་དུས་མི་གཅེས་ཡལ་དུས་ན།།

ཨ་ཤུ་རེ་ཟེར་དུས་ངོ་ཚ་ཡིན།།

༼ ཁྲི་ཟླ་གཞོན། ༽