国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཁྲ་ལིས་མཐོ་སྒང་ཁྱད་ཆོས་ཐོན་ལས་ཀྱིས་འཕེལ་རྒྱས་ལེགས་ཆ་གསར་པ་ཆེ་རུ་བཏང་ནས་འདི་ལོ་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར18ལ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོད་པ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

ལོ་གསར་པའི་ནང་རང་ཁུལ་གྱི་ཇི་ལྟར་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་མཛུབ་སྟོན་གལ་ཆེན་བྱ་སྤྱོད་དངོས་ལ་བསྒྱུར་བ་དང་བཟོ་ལས་ཅན་གསར་པའི་གཙོ་ཁྲིད་ནུས་པ་འབུར་དུ་ཐོན་ཞིང་། ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར་གྱི་དོན་ལ་འཁྱོལ་བར་སྐུལ་འདེད་ཇི་ལྟར་གཏང་དགོས་སམ། ཇི་ལྟར་བྱས་ནས་ཐོན་ཁུངས་རང་སྤུས་དང་དཔལ་འབྱོར་རྨང་གཞིར་གཞི་ཚུགས་ཏེ་བཟོ་ལས་བརྟན་པོའི་ངང་འཕར་ཐུབ་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་གསར་དུ་དཀར་མཛེས་ཁུལ་དེང་རབས་ཅན་སྐྲུན་པར་འགོ་ཡག་པོ་ཞིག་བཙུགས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་སམ། ད་ཆ་འདི་ག་ཚགས་པར་ཁང་གི་གསར་འགོད་པས་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཁྲ་ལིར་ཆེད་དོན་བཅར་འདྲི་ཞུས་པ་རེད།

ཁྲ་ལིས་སྤྱི་ལོ2023ལོ་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཁོངས་གཏོགས་ཀྱིས་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བསམ་གཞི་རྒྱུན་འཁྱོངས་དང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་བྱེད་ནུས་ཚད་དཔོག་གཞིར་བཟུང་། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། གཅིག་འདུ་ལ་སྐུལ་འདེད། ནུས་པ་ཆེ་རུ་གཏོང་བ། ཁྲོམ་ར་རྒྱ་སྐྱེད་པ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་ཞིང་། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་ཞིང་འཛུགས་སྐྲུན་ལ་གཞོལ་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ན་ལོའི་དུས་མཉམ་ལས་བརྒྱ་ཆ8འཕར་བ་དང་། བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་འགྲོ་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བའི་འགན་ལེན་བྱ་དགོས་ཞེས་བཤད་པ་རེད།

རིགས་བགོས་ནས་སྲིད་ཇུས་ལག་ལེན་བསྟར་ཏེ་དཔལ་འབྱོར་བརྟན་པོ་འཕར་བར་དོ་སྣང་བྱ་དགོས། ཁེ་ལས་ལ་གཞིགས་ནས་སྲིད་ཇུས་སྤྱད་དེ་གནད་སྨིན་རོགས་སྐྱོར་དང་རིགས་དབྱེ་ཤུགས་ཆེ་རུ་བཏང་ནས་ཤུགས་གནད་སྨིན་འདོན་པ་དང་། དམིགས་གཏད་ཡོད་པའི་སྒོ་ནས་མཐུན་སྦྱོར་ཞབས་ཞུ་ཡག་པོ་བསྒྲུབ་དགོས། ཐོན་སྐྱེད་མཚམས་བཞག་པའི་ཁེ་ལས་ལ་ཐོན་སྐྱེད་སླར་གསོ་གང་མགྱོགས་ཐུབ་པར་རོགས་རམ་བྱ་དགོས། ཞབས་ཞུ་དམ་འཛིན་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོ་ཡོང་བ་དང་། ཁེ་ལས་ལ་རོགས་སྐྱོར་གྱི་དཀའ་གནད་དང་།བྱེད་པོའི་འཕེལ་རྒྱས་ཀྱི་འགག་གནད། ཐོན་སྐྱེད་གཉེར་སྐྱོང་གི་གླེང་གནད་བཅས་ལ་དམིགས་ཏེ་ཤུགས་གནད་ལ་སྨིན་པ་འདོན་ཞིང་། བཟོ་ལས་བརྟན་པོའི་ངང་འཕར་བར་འདེགས་སྐྱོར་ནུས་ལྡན་ཆགས་པར་བྱ་དགོས། ཐོན་ལས་ལས་གཞི་སྐྲུན་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་བཟོ་ལས་ལ་མ་དངུལ་སྒོར་དུང་ཕྱུར175དང་ལག་རྩལ་བསྒྱུར་བཀོད་ལ་མ་དངུལ་སྒོར་དུང་ཕྱུར3གཞག་ཐུབ་པར་འགན་ལེན་བྱ་དགོས།

གྲུབ་ཚུལ་ལེགས་སྒྱུར་གྱིས་སྤུས་འབྲས་ཐོན་པར་དོ་སྣང་བྱ་དགོས། གཙོ་རྟེན་ཐོན་ལས་སྟོབས་ཆེ་རུ་གཏོང་བ་དང་ལས་ཀའི་འཇུག་སྒོ་གནད་འཁེལ་འཚོལ་བ། གློག་ཁང་སྐྲུན་པ་དང་བགྲོད་ལམ་རྒྱ་སྐྱེད། བཀོལ་སྤྱོད་ཤུགས་ཆེན་བཅས་ཀྱི་ཁྲོད་ནས་དཔལ་འབྱོར་དང་ཆ་འཕྲིན་ཅུས་ཀྱི་བྱས་རྗེས་མངོན་ཐུབ་པ་བྱ་དགོས། ཁྱད་ཆོས་ཐོན་ལས་སྤེལ་ཞིང་སྐྱེ་ལྡན་ཐོན་ལས་འདུས་ཚོགས་སྐྲུན་པ་གོ་སྐབས་སུ་བྱས་ནས་བཟའ་བཏུང་དང་། རྒྱ་བོད་གསོ་རིག། ཁྱད་ཆོས་བཟོ་སྣོན་གོང་འཕེལ་ཤུགས་ཆེན་བཏང་སྟེ་ཁྱད་ཆོས་ཐོན་ལས་ཆེན་པོ་གསུམ་གྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར33རག་ཐུབ་པ་བྱ་དགོས།

གླིང་ཁུལ་བསྐྲུན་ནས་གཅིག་འདུ་ཡོང་བར་དོ་སྣང་བྱ་དགོས། དཀར་མཛེས་ཁུལ་དང་མེན་ཧྲན་གྱི་མཉམ་ལས་བཟོ་ལས་གླིང་ཁུལ་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ་དང་། ལས་གྲྭ་ཆེན་པོ་དང་ལས་གྲྭ་བཟང་པོ་ཁག་གཅིག་བཀུག་སྟེ་ཐོན་ལས་འབྲེལ་ཐག་གི་མཉེན་ཤུགས་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། གླིང་ཁུལ་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་མཉམ་ཤུགས་ཤིག་ཆགས་པ་བྱ་དགོས། གླིང་ཁུལ་གསར་སྤེལ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་གླིང་ཁུལ་གྱི་ལོ་ཧྲིལ་པོར་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར610ཡོང་ཐུབ་པ་བྱ་དགོས། གཞན་ཡང་ཁེ་ལས་བྱེད་པོ་བསྐྱངས་ཏེ་སྒུལ་ཤུགས་བསྣན་པར་དོ་སྣང་བྱ་དགོས་སོ།།

( བདེ་སྐྱིད་ཀྱིས་བསྒྱུར།)