ཉི་ཟླའི་འཁོར་ལམ་གཟའ་སྐར་འཕྲོད་སྦྱོར་ཡག །
གངས་རིའི་མགུལ་པར་ལྷ་བསང་དུ་སྤྲིན་འཁྲིགས། །
གྲང་ལྷགས་ངར་མས་ལོ་རྙིང་ཕར་ལ་སྐྱེལ། །
རྒྱལ་མཚན་རྩེ་མོས་ལོ་སར་ཚུར་ལ་བསུ། །
དཔྱིད་ཀྱི་མྱུ་གུ་སྒོ་རའི་ནང་དུ་འབུས། །
ཆུ་མོའི་མལ་གོས་བསིལ་རླུང་ལག་པས་བཤུ། །
མོ་སྨན་མཛེས་མའི་གདོང་ལ་མེ་ཏོག་བཞད། །
ཡོས་བུའི་རྩེད་བྲོས་ས་གཞི་གཉིད་ལས་སློང་། །
ཕུན་ཚོགས་མཆོད་ཡོན་ལྷ་དང་བླ་མར་མཆོད། །
དྲི་ཞིམ་བདུག་སྤོས་སྒོ་ཁྱིམ་མེད་པར་ཁྱབ། །
གྲོ་སོ་ཕྱེ་མར་འདྲིས་པའི་མགྲོན་ལ་འབུལ། །
བོད་ལོ་གསར་པར་བཀྲ་ཤིས་རྟེན་འབྲེལ་འགྲིག །
བཅོས་མིན་རང་བྱུང་གངས་དཀར་ཏི་སེའི་གླུར། །
མ་ཕམ་གཡུ་ཡི་མཚོ་མོས་རམ་འདེགས་ཀྱིས། །
བདེན་པའི་སྨོན་ཚིག་གསང་མཐོར་སྒྲོག་པའི་སྒྲ། །
གངས་ལྗོངས་དགེ་བའི་རྣ་བར་ཡང་ཡང་ལྷུང་། །
དེ་ལྟར་རྫོགས་ལྡན་དུས་ཀྱི་བསོད་ནམས་མཐུས། །
ནད་མཚོན་མུ་གེའི་འཇིགས་པ་ཀུན་ཞི་ཞིང་། །
ཡིད་བཞིན་དགེ་ལེགས་འཇོ་བའི་དགོས་འདོད་ནོར། །
མགོ་ནག་མི་ཡི་དཔལ་དུ་རྟག་འཐོབ་ཤོག །
( སྐྱབས་ཆེན་བདེ་གྲོལ།)