国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉི་སྟེན་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཚན་གྱིས་

ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྲི90ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར19.8རག་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་བཙུགས་པའི་ལོ་ཞིག་ཡིན་ལ། རིག་གནས་དང་ཡུལ་སྐོར་ཐོན་ལས་ཁྱོན་ཡོངས་ནས་སླར་གསོ་ཡོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་འདབ་པའི་ཉི་སྟོན་གྱི་ངོས་ནས་བརྗོད་ན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཇི་ལྟར་བྱ་རྒྱུ་དང་། རིག་གནས་ཡུལ་སྐོར་ལས་དོན་འཆར་འགོད་དང་སྐུལ་འདེད་གཏང་རྒྱུ་ཟུང་དུ་སྦྲེལ་ནས་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་སུ་གཏོང་ཆེད། རིག་གནས་དང་ཡུལ་སྐོར་གྱི་སྟོབས་ཤུགས་ཇི་ལྟར་འབུལ་དགོས་སམ། ཇི་ལྟར་བྱས་ནས་འཛམ་གླིང་གི་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་དང་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་གསར་པ་གཏོད་དགོས་སམ། ད་ཆ་འདི་ག་ཚགས་པར་ཁང་གི་གསར་འགོད་པས་ཉི་སྟེན་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཚན་ལ་ཆེད་དོན་བཅར་འདྲི་ཞུས་པ་རེད།

ལི་ཚན་གྱིས་ཉི་སྟེན་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་ཤུགས་ཆེན་བྱེད་ཅིང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཞིང་ཆེན་ཏང་ཨུའི་སྤྱི་ཁྱབ་སྣེ་ཁྲིད་པ་དང་སྤྱིའི་གཞི་འཛིན་ས། སྤྱིའི་བསམ་ཕྱོགས་དང་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། འཛམ་གླིང་གི་རིག་གནས་ཡུལ་སྐོར་བྱ་ཡུལ་གལ་ཆེན་དང་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་གསར་པ་གཏོད་རྒྱུ་དམིགས་ཡུལ་དུ་བྱ་རྒྱུ་རྒྱུན་འཁྱོངས་ནས། དོ་དམ་ཞབས་ཞུ་དང་དྲིལ་བསྒྲགས་ཚོང་གཉེར་གཙོ་གནད་དུ་དམ་འཛིན་ལེགས་པོ་བྱེད་པ་དང་། ལྗོངས་ཁུལ་སྤུས་ལེགས་དང་རིག་གནས་ལྗོངས་ཁུལ། ཉེན་མེད་ལྗོངས་ཁུལ་སྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་ཞིང་། ཉི་སྟེན་ལྗོངས་ཁུལ་ཐོན་རྫས་མ་ལག་འཐུས་ཚང་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ། ཞབས་ཞུའི་ཆུ་ཚད་མཐོ་བ། ཡུལ་སྐོར་དོ་དམ་ཚན་རིག་དང་མཐུན་པ། སྣེ་ཁྲིད་ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་རྩེ་གྲར་བསྐྲུན་རྒྱུར་བརྩོན་ལེན་བྱས་ནས། ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྲི90ལ་སྣེ་ལེན་ཞུས་ཏེ། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར19.8ལ་ཟིན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

གཅིག་ནི་རྨང་གཞིའི་སྤུས་ཚད་མཐོ་རུ་གཏང་རྒྱུ་རྒྱུན་འཁྱོངས་ཏེ་ལག་བསྟར་ཆ་ཚང་བའི་ལྗོངས་ཁུལ་འཛུགས་སྐྲུན་བྱ་དགོས། གཉིས་ནི་མི་རྩ་བར་བཟུང་ནས་ཞབས་ཞུ་སྤུས་ལེགས་ཀྱི་ལྗོངས་ཁུལ་སྐྲུན་པར་རྒྱུན་འཁྱོངས་བྱ་དགོས། གསུམ་ནི་ཚོང་གཉེར་སྔོན་དུ་སྤེལ་བ་རྒྱུན་འཁྱོངས་ཏེ་ལྗོངས་ཁུལ་སྐད་གྲགས་ཆེ་བ་བསྐྲུན་དགོས། བཞི་ནི་ཉེན་མེད་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་ནས་ཡུལ་སྐོར་བས་བློས་འཁེལ་ཆོག་པའི་ལྗོངས་ཁུལ་བསྐྲུན་དགོས། ལྔ་ནི་སྐྱེ་ཁམས་སྔོན་སྤེལ་འཐབ་ཇུས་རྒྱུན་འཁྱོངས་ནས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལྗོངས་ཁུལ་བསྐྲུན་དགོས།།

(བདེ་སྐྱིད་ཀྱིས་བསྒྱུར།)