国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྲེང་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་དར་ཁུལ་དང་ཐག་ཉེ་ཤོས་ཡིན་པའི་འབྲོག་ཁུལ་འདིའི་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་གྱི་ཁོར་ཡུག་བཟང་།

ལྷ་སྒང་གྲོང་རྡལ་གྱིས་ཐོན་ལས་ལ་དམིགས་ཏེ་དར་རྒྱས་ཡོང་བར་བསྐུལ།

ལྷ་སྒང་རྩྭ་ཐང་གི་མཛེས་ལྗོངས།

ལྷ་སྒང་གྲོང་རྡལ།

2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཡིན་ཞིང་། དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་ནི་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་ཐག་ཉེ་ཤོས་ཀྱི་འབྲོག་ཁུལ་ཞིག་ཡིན་པའི་ངོས་ནས་གྲོང་རྡལ་དེས་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་དང་གྲོང་ཨུའི་གཅིག་གཉིས་བཞི་བརྒྱད་ཀྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་ནས་ས་གནས་དེ་གའི་ཐོན་ཁུངས་ཕུན་སུམ་ཚོགས་པར་དམིགས་པ་དང་ཁྱད་ལྡན་རིག་གནས་བསྔོགས་ཏེ་དེང་རབས་འབྲོག་ལས་དང་། ཡུལ་སྐོར་ཞབས་ཞུའི་ཐོན་ལས། དེ་བཞིན་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་བཏང་ནས་དར་མདོའི་དཔལ་འབྱོར་སྤུས་ཚད་འཕེལ་བར་བསྐུལ་ཡོད། སྤྱི་ཟླ2པའི་ཚེས15ཉིན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཐུབ་བསྟན་ཉི་མས་གསར་འགོད་པའི་བཅར་འདྲི་དང་དུ་བླངས་ནས་བསམ་ཕྱོགས་གླེང་བ་དང་བྱེད་ཐབས་བཤད་པ། འཕེལ་རྒྱས་དོན་དུ་གཉེར་བ། དམིགས་ཚད་བསྒྲུབས་ཏེ་གྲོང་རྡལ་ཡོངས་སུ་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

ཐུབ་བསྟན་ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ལྷ་སྒང་གྲོང་རྡལ་གྱིས་རྨང་གཞིར་དམིགས་ཏེ། དེང་རབས་འབྲོག་ལས་ཐོན་ལས་ཀྱི་རིམ་པ་སྤར་རྒྱུ་ཡིན་ཞིང་། ཕྱོགས་གཅིག་ནས་འབྲི་གཡག་ཉོ་ཚོང་ཁྲོམ་ར་འཐུས་ཚང་དུ་བཏང་ནས་འབྲི་གཡག་བཤས་ཁོངས་སུ་མང་དུ་གཏང་རྒྱུ་དང་། དར་མདོ་གྲོང་ཁྱེར་གྱི་གླིང་ཁུལ་བཞི་དང་འདུས་གནས་གཅིག་གི་ཐོན་ལས་ལས་གཞི་ལ་བསྐུལ་ཏེ་དཀར་ཆུའི་ཐོན་ལས་གླིང་བསྐྲུན་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་པ་དང་ཆབས་ཅིག་གནག་ཕྱུགས་ལས་བྱུང་བའི་ཐོན་རྫས་སྣ་མང་གསར་སྤེལ་བྱ་རྒྱུ། གཞན་ཡང་བྱ་ཐབས་འདྲ་མིན་སྒོས་ནས་རྩྭ་ཕྱུགས་རྒྱུན་མཐུད་འཕེལ་བར་བསྐུལ་ནས་དེང་རབས་གནག་ཕྱུགས་གསོ་ཚགས་ཀྱི་བྱེད་ཐབས་ནང་འདྲེན་དང་། དུས་ཐུང་རྒྱགས་གསོའི་ལས་གཞི་དང་དེང་རབས་གཟན་རྩྭ་རྟེན་གཞི། དེང་རབས་ཀྱི་རྩྭ་སོན་རྟེན་གཞི་བཅས་འཕེལ་རྒྱས་གཏང་རྒྱུ་ཡིན་པ་རེད།

ཕྱོགས་གཞན་ཞིག་ནས་ཐོན་ཁུངས་ལ་དམིགས་ནས་རིག་གནས་དང་ཡུལ་སྐོར་ཞབས་ཞུའི་ཐོན་ལས་འཕེལ་བར་བསྐུལ་རྒྱུ་ཡིན་ཞིང་། ཡུལ་སྐོར་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་བསྐུལ་ནས་ཡུལ་སྐོར་ཐད་ཀྱི་ཟང་ཟིང་གནས་ཚུལ་བཅོས་སྒྲིག་དང་།གྲོང་རྡལ་ཡོངས་ཀྱི་རྟ་པའི་ཁྲོམ་ར་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་བྲིན་ཚོང་ཁྲོམ་ར་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་བ། ཡུལ་སྐོར་ལས་དོན་མི་སྣ་གསོ་སྦྱོང་ལ་ཤུགས་རྒྱག་པ། ལྷ་སྒང་ཡུལ་སྐོར་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་དར་མདོ་གྲོང་ཁྱེར་སི་ཁྲོན་ཡུལ་སྐོར་གྱི་རྫོང་གྲགས་ཅན་གྱི་སྤུས་རྟགས་གཏོད་རོགས་བྱ་རྒྱུ་ཡིན་ཞིང་། རིག་གནས་ཡུལ་སྐོར་རྒྱ་ཆེ་རུ་གཏོང་བ་དང་། འབྲོག་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རིག་གནས་སྙིང་དོན་མུ་མཐུད་སྔོག་པ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་ནས་འདི་ལོ་སི་ཁྲོན་ཡུལ་སྐོར་གྱི་གྲོང་རྡལ་གྲགས་ཅན་གཏོད་པ་དང་། ལྷ་སྒང་རྩྭ་ཐངAགསུམ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྐྲུན་པ། རྒྱལ་མཚམས་སྒྲོལ་ལམ་དང་མི་སྡོད་ཁོར་ཡུག་ལེགས་གཏོང་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་ཅིང་། ལྷ་སྒང་གྲོང་སྡེ་ཡུལ་སྡེའི་ཡུལ་སྐོར་གྱི་གཙོ་གནད་གྲོང་སྡེ་ཚན་འབོར་གསུམ་པ་འཛུགས་པར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ། གོ་རི་མ་དང་དཔལ་རིས། ར་ལུ་བཅས་ཐོན་ལས་ལམ་བུའི་ལས་གཞི་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

དེ་བས་གལ་འགངས་ཆེ་བ་ཞིག་ནི་ལྷ་སྒང་གྲོང་རྡལ་གྱིས་འབྱུང་འགྱུར་ལ་དམིགས་ནས་ནུས་ཁུངས་གཙང་མའི་ཐོན་ལས་ལ་བསྐུལ་རྒྱུ་ཡིན་ཞིང་། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་ལྡོག་མེད་བླང་བྱ་ཞིག་ཡིན། དར་མདོ་གྲོང་ཁྱེར་གྱི་རྟེན་གཞི་བཞི་དང་གཅིག་སྡུད་ཁུལ་གཅིག་བསྐྲུན་རྒྱུར་རོགས་རམ་བྱ་ཆེད། ལྷ་སྒང་གྲོང་རྡལ་གྱིས1+4+1གི་བཟོ་ལས་འཆར་འགོད་མ་ལག་ལ་དམིགས་ནས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་ཡིན་ཞིང་། གཏེར་ཁའི་ཐོན་ཁུངས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས་དཀར་རྒྱན་ཁ་གཏེར་རིའི་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབས་ནས་སྨད་རྒྱུད་ཐང་གི་ལིས་གཏེར་རྫས་ཐོན་ཁུངས་གསར་སྤེལ་གོ་རིམ་ལྡན་པ་བྱ་རྒྱུ་ཡིན་ཞིང་། དུས་འགོའི་རྩད་ཞིབ་དང་། སྔོག་འདོན་ཇུས་གཞི་གཏན་འཁེལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཡུལ་དངོས་སུ་བརྟག་ཞིབ་དང་ཕྱོགས་ཁག་ལ་འདྲི་རྩད། ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་རིམ་བཞིན་འཐུས་ཚང་དུ་གཏོང་བ་བཅས་བྱེད་པ་དང་ཆབས་ཅིག་ལིས་ཐོན་ལས་གླིང་ཁུལ་ལྷ་སྒང་དུ་བསྐྲུན་རྒྱུར་ཤུགས་ཡོད་རྒུས་བརྩོན་ལེན་བྱས་ནས་གཏེར་རྫས་ཀྱི་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ། དཀར་མཛེས་ཁུལ་གྱི་ལམ་འོད་གཉིས་གསབ་ལས་གྲྭར་བསྐུལ་ནས་ལྷ་སྒང་འོད་ཤུགས་གློག་ཁང་གི་དུས་འགོའི་ཐོན་ཁུངས་འཚོལ་ཞིབ་དང་དཔྱད་གཞིའི་ཡིག་རིགས་གོ་རིམ་ལྡན་པའི་ངང་བསྒྲུབ་རྒྱུ་ཡིན་པ་རེད།།

( ཀུན་དགས་བསྒྱུར།)