国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་རུང་ཅེ་ཚོགས་པའི་རྐང་དཔོན་ལུའི་ཞང་དབྱང་ལ་ཐུག་འཕྲད་གནང་།

སྤྱི་ཟླ3པའི་ཚེས6ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་རུང་ཅེ་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་གི་འགོ་གཙོ། རྐང་དཔོན་ལུའི་ཞང་དབྱང་ལ་ཐུག་འཕྲད་མཛད་དེ་ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་ཏུ་གཏང་རྒྱུར་དམིགས་ནས་སྤེལ་རེས་དང་བཞུགས་མོལ་བྱས་པས་མ་ཚད། ད་དུང་སླད་ཕྱིན་འཕེལ་རྒྱས་དང་རྒྱ་སྐྱེད་གཏང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་ཡང་བྱུང་བ་རེད།

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་མཛད་ནས་ལུའི་ཞང་དབྱང་དང་བཅས་པར་དགའ་བསུ་ཞུས་པ་དང་རུང་ཅེ་ཚོགས་པས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དེང་སྐབས་སུ་དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་ཞིང་ཆེན་ཏང་ཨུའི་ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར་གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་དམིགས་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་ཞིང་། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྦོལ་བྱ་སྟེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་རྒྱུ་ཡིན། རུང་ཅེ་ཚོགས་པ་ནི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་སྔོན་སྐྱོད་པ་ཡིན་པས་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལེགས་ཆ་མངོན་གསལ་དོད་པོ་ཡོད་ཅིང་། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་གསབ་རེས་རང་བཞིན་དང་མཐུན་ཚད་ཧ་ཅང་ཆེན་པོ་ཡོད་པས། ཕྱོགས་གཉིས་པོས་མཉམ་ལས་ལ་སྔར་བས་ཤུགས་རྒྱག་པ་དང་། གཉིས་ཁེ་གཉིས་ཕན། མཉམ་དུ་འཕེལ་རྒྱས་དོན་གཉེར་བྱ་རྒྱུའི་རེ་བ་ཡོད། དཀར་མཛེས་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པོ་བཏོད་དེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་ཁེ་ལས་ཀྱི་ཐོན་ནུས་རྒྱ་ཆེར་གཏོང་བ་དང་ཐོན་འཕར་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ལུའི་ཞང་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སྤྱི་གཉེར་ཁང་གིས་ལས་སྒོ་དང་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད། ཁོང་གིས་དཀར་མཛེས་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་ཚོང་དོན་གྱི་ཁོར་ཡུག་བཟང་ཞིང་། འཕེལ་རྒྱས་ཀྱི་གནས་བབ་ཡག་པོ་འདུག། ཕྱོགས་གཉིས་པོར་ཡུན་རིང་མཉམ་ལས་ཀྱི་རྨང་གཞིའི་ཆ་རྐྱེན་ཡོད་ལ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་མདུན་ལམ་ཡངས་པོ་ཡང་ཡོད། རུང་ཅེ་ཚོགས་པས་ལས་རིགས་ཁྱབ་ཁོངས་ནང་གི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དཀར་མཛེས་ཁུལ་དང་མཉམ་ལས་གསར་པ་དེ་བས་མང་བ་ཧུར་ཐག་གཏོད་རྒྱུ་དང་འབྲེལ་ཡུལ་སྡེ་དར་རྒྱས་དང་སྤྱི་ཕན་བྱ་གཞག་ཁྲོད་བྱས་རྗེས་ཧུར་ཐག་ཕུལ་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད།།

(ལྷ་འཛོམས་ཀྱིས་བསྒྱུར།)