གཅིག་མིན་སྒྱུ་མའི་རོལ་གར་རྩེན་པའི་གྲོགས། །
དངུལ་དཀར་ཟླ་ཤེལ་ཞུན་མའི་མདངས་འཛིན་མ། །
བརྩེ་ཆེན་ཐུགས་རྗེའི་ཁུར་སྐྱོང་མཛའ་ན་མོས། །
ན་ཆུང་འཛུམ་པའི་ངང་མོ་རྟག་ཏུ་སྲུངས། །
ལད་མོའི་གཟུགས་རིས་འབྲི་བའི་ཁུར་དོར་ཏེ། །
བརྩེ་ཞེན་ཡིད་ཀྱི་རྒྱུད་སྐུད་འདར་བའི་རླབས། །
སྐྱོམ་པའི་ངང་ཚུལ་པིར་གྱི་མཆུ་སྒྲོས་ལས། །
གཡོ་བའི་མགྲིན་བཟང་ཁྱེད་ལ་སྐྱེས་སུ་ཕུལ། །
དཀར་དམར་ལང་ཚོའི་འཇོ་སྒེག་གཡོ་བའི་སྤུན། །
སྐྱེ་འབྲས་མཚར་དུ་སྡུག་པའི་ཡིད་འོང་མ། །
སྙིང་གི་འཕར་རྩ་འཕྲོག་པའི་ཆོམ་རྐུན་ཏེ། །
ལན་འགར་མིག་གི་འཁོར་ཕྱོགས་བསླུས་ནས་སོང་། །
བརྩེ་འཛུམ་མཛེས་པའི་དཔལ་རྫོགས་ཟླ་བའི་རིས། །
ཡིད་ཀྱི་གློ་བ་འགུལ་བའི་གཙང་ངོགས་སུ། །
འོད་ཀྱི་སྣང་བ་དང་བཅས་འཕོས་པའི་གཟུགས། །
ཁྱེད་ཀྱི་ཞལ་ཁྱིམ་ཡིན་པའི་ངེས་པ་རྙེད། །
མི་ཚོགས་འཚང་ཁ་རྒོད་པའི་ཁྲོམ་ཆེན་ནས། །
ལང་ཚོའི་སྒེག་པ་ངོམ་པའི་རྩེ་དགའ་བཅས། །
འཛུམ་གྱི་ཁུད་དུ་སྦས་པའི་གསང་ཚིག་གིས། །
མ་བཅོས་ཡིད་ཀྱི་དགའ་བ་སུ་ལ་སྟོན། །
བཤེས་གཉེན་བྱམས་པས་སྐྱོང་བའི་མ་མ་དང་། །
འདོད་ལྡན་སྐྱེ་བོ་མགུ་བའི་རིན་ཆེན་ནོར། །
ལུགས་གཉིས་བྱ་བ་སྐྱོང་བའི་བྱེད་པོ་མཆོག །
ཁྱེད་ཉིད་ཡིན་ཞེས་བསྔགས་པ་མ་མཛད་དམ། །
ཚོར་བའི་སྒོར་བྲོ་རྡུང་བའི་སྙན་ངག་པས། །
ཁྱེད་ཀྱི་མིག་ཟུང་གཡོ་བའི་འགྲོས་ཙམ་ལ། །
སྙན་ཚིག་ཟེའུ་འབྲུ་གཡོ་བའི་ཁུར་བརྩེགས་ཏེ། །
ལན་མང་བླ་འབོད་གཏོང་བའི་ངལ་བ་བསྟེན། །
མདོར་ན་སེམས་ལྡན་སྐྱེ་བོ་མཆོག་དམན་ཀུན། །
ཁྱེད་ལས་སྐྱེས་ཤིང་ཁྱེད་ལ་དགའ་ངེས་པས། །
ཚིག་གི་མེ་ཏོག་རྩེན་པའི་གོམ་སྟབས་ཀྱིས། །
ཁྱེད་ལ་བསྔགས་པའི་སྐྱེས་ཙམ་སྨྲ་ཅི་དགོས། །
༼ ཁམས་སྨྱུག་གསར། ༽