【ནང་དོན་གནད་བསྡུས།】དགག་སྒྲའི་འཇུག་ཡུལ་དང་འབྱུང་ཁུངས་གཙོས་བཟུང་དེ་ལས་འཇུག་ཡུལ་ལ་ཡང་བརྡ་སྤྲོད་རྩ་ཚིག་གིས་ཟིན་པ་དང་།སྔོན་བྱོན་དང་ཕྱི་རབས་མཁས་པས་ཁ་བསྐངས་པའི་སྐོར་དང་དེ་འབྲེལ་མ་མོའི་སྒྲའི་སྐོར་སོགས་བཀོད་ཡོད།
【བརྡ་ཆད་གཙོ་བོ།】དགག་སྒྲ། འཇུག་ཡུལ། ཁ་སྐོང་། མ་མོའི་སྒྲ། བུད་མེད།
དང་པོ། ཚིག་ཕྲད་ཀྱི་རྣམ་གཞག་བཤད་པ།
༡ ཚིག་ཕྲད་ཀྱི་བྱུང་འཕེལ།
རྟགས་འཇུག་ལས། ཡི་གེའི་ཁུངས་ནས་མིང་བྱུང་སྟེ།། མིང་གི་ཁོངས་ནས་ཚིག་ཕྱུང་ནས།། ཚིག་གིས་དོན་རྣམས་སྟོན་པར་བྱེད།། ཅེས་གསུངས་པ་ལྟར། དབྱངས་གསལ་གྱི་ཡི་གེ་གཉིས་སོགས་མང་པོ་འདུས་ནས་དོན་གྱི་ངོ་བོ་སྟོན་པའི་མིང་གྲུབ་པ་དང་། མིང་གཉིས་སོགས་དུ་མ་འདུས་ནས་དོན་གྱི་ཁྱད་པར་སྟོན་པའི་ཚིག་གྲུབ། ཚིག་གཉིས་སོགས་དུ་མ་འདུས་ནས་ངག་གམ་བརྗོད་པ་གྲུབ། བརྗོད་པ་གཉིས་སོགས་འདུས་ནས་ངག་གི་ཕྲེང་བ་གྲུབ་པར་བྱེད་པ་ཡིན།
འགྲོ་བ་མི་ནི་ཐོག་མར་སྨྲ་མི་ཤེས་པའི་སེམས་ཅན་ཞིག་ཡིན་པ་ལས། རང་བྱུང་ལ་འཐབ་རྩོད་དང་ཐུན་མོང་གི་ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་རིམ་གྱི་དུད་འགྲོ་སྲོག་ཆགས་ལས་གྱེས་ཏེ་མིར་གྲུབ་པ་དང་། མིར་གྲུབ་པའི་བརྒྱུད་རིམ་དུ་ཕན་ཚུན་བསམ་བློ་བརྗེ་རེས་ཀྱི་ལག་ཆ་གསར་པ་སྟེ་སྐད་ཆ་བྱུང་བ་ཡིན། འགྲོ་བ་མི་དང་སྐད་ཆ་གཉིས་ནི་ཧ་ལམ་དུས་མཉམ་དུ་བྱུང་བ་རེད། དེ་ལྟར་སྐད་ཆ་བྱུང་བའི་དུས་རིམ་དེར་མི་རྣམས་ཀྱིས་རང་ཉིད་འཚོ་སྡོད་བྱ་ཡུལ་སྣོད་བཅུད་འཇིག་རྟེན་གྱི་དངོས་པོ་དེ་དག་ཕན་ཚུན་ལྟོས་བཅས་ཀྱིས་འདྲ་བ་དང་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་ནས་ཐ་སྙད་སྣ་ཚོགས་བཏགས་པས་མིང་བརྡ་སྣ་ཚོགས་ཤིག་བྱུང་ཡོད་ལ། མིང་བརྡ་དེ་དག་བེད་སྤྱད་དེ་རང་གི་བསམ་དོན་ཡང་ཕན་ཚུན་བརྡ་སྤྲོད་རེས་ལས་ཚིག་བརྗོད་པ་ཡང་བྱུང་ཡོད་པ་རེད།
ད་ལྟའི་ཚིག་ཕྲད་ལྟ་བུ་ནི་སྐབས་དེའི་སྐད་ཆའི་ནང་ད་དུང་བྱུང་མེད་པར་གཙོ་བོ་ལུས་ཀྱི་རྣམ་འགྱུར་སྣ་ཚོགས་ཏེ། ལག་བརྡ་དང་། མིག་གི་ལྟ་ཕྱོགས་དང་།མགོ་བོའི་གཡུག་ཕྱོགས་དང་། དེ་བཞིན་སྐད་ཀྱི་སྒྲ་གདངས་མཐོ་དམན་སོགས་ཀྱིས་མིང་ཚིག་ཕན་ཚུན་མཚམས་སྦྱོར་ཏེ་བརྗོད་དོན་མཚོན་གྱི་ཡོད་ལ་ད་ལྟའི་ཚིག་ཕྲད་ལྟར་དོན་གྱི་ཁྱད་པར་འབྱེད་པའི་ནུས་པ་ལྡན་ཡོད། གདོད་མའི་རྟོག་པ་ཞེས་པ་ལས། དུས་རྒྱུན་དུ་སྣང་ཚུལ་འདི་ལྟ་བུ་ལྡན་ཏེ། སྐད་ཆ་བརྗོད་སྐབས་ལགས་བརྡས་རྣམ་འགྱུར་བྱ་དགོས་ཤིང་།རྣམ་འགྱུར་དེ་ནི་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་ལུས་སྟེང་དུ་མངོན་པའི་རང་བྱུང་ཉམས་འགྱུར་ཙམ་མིན་པར་སྐད་ཆ་རང་ངོ་ཀྱི་དགོས་ངེས་ཆ་རྐྱེན་ཡིན་ཞེས་པ་དང་།ཡང་དེ་ལས་པཱ་ཞིའི་ཁུ་ལོ་ཡཱ་ཏོའི་མི་ཡིས་སྒྲ་གདངས་ལྕི་བ་དང་ཀློག་འདོན་མགྱོགས་མིན།ལག་པ་དང་མཆུ་སྒྲོས་ལ་སོགས་པའི་བརྡ་རྟགས་དང་གཞན་ཡང་ལག་པའི་ཕྱག་རྒྱ་གཞན་འགའ་ལ་བརྟེན་ཏེ་བརྗོད་པ་ཐམས་ཅད་ཀྱི་དོན་གྱི་ཁྱད་པར་ཆ་ཚང་བར་སྟོན་པ་ཡིན།གལ་སྲིད་དབྱིན་ཏེ་ཨན་མིས་རང་ཉིད་ནགས་ཚལ་ལ་འགྲོ་བཞིན་པའི་དོན་དེ་མཚོན་སྐབས་ནགས་ཚལ་དུ་འགྲོ་ཞེས་བརྗོད་ངེས་ཡིན།དུས་མཉམ་དུ་རང་ཉིད་འགྲོ་སའི་ཡུལ་ཏེ་ནགས་ཚལ་གནས་པའི་ས་ཕྱོགས་མཆུ་སྒྲོས་ཀྱིས་སྟོན་ངེས་ཡིན། ཞེས་པ་ལས་གསལ་བོ་ཤེས་ཐུབ། ལུས་ཀྱི་རྣམ་འགྱུར་དེ་དག་གི་བྱེད་ནུས་ནི་ད་ལྟའི་ཚིག་ཕྲད་ལ་ལྡན་པའི་བྱེད་ནུས་དང་སྤྱིར་ན་མཚུངས་པས།རྣམ་འགྱུར་དེ་དག་ནི་ཚིག་ཕྲད་ཀྱི་ཆེས་ཐོག་མའི་རྣམ་པ་དེ་ཡིན་ཞེས་བརྗོད་ན་ཆོག་སྙམ དེ་ནས་མི་རྣམས་ཀྱི་བསམ་གཞིགས་ཀྱི་འཆར་སྒོ་ལ་རིམ་བཞིན་འཕེལ་འགྱུར་བྱུང་བ་དང་།དབང་པོ་དག་ལ་ཡང་སྔ་ལས་འགྱུར་བ་ཆེན་པོ་བྱུང་བས་སྐད་ཀྱི་སྒྲ་གདངས་དང་མིང་བརྡ་དག་ཀྱང་ཕུན་སུམ་ཚོགས་པར་སོང་བས། མཐར་ངག་བརྡ་ལ་འཕེལ་འགྱུར་བྱུང་ཏེ་སྔོན་གྱི་ལག་བརྡ་དང་། མིག་བརྡ་སོགས་རིམ་བཞིན་སྤྱོད་གོ་ཇེ་ཆུང་དུ་སོང་ནས་ངག་བརྡས་ལུས་ཀྱི་རྣམ་འགྱུར་དེ་དག་གི་ཚབ་བྱས་པས་རིམ་བཞིན་ཚིག་ཕྲད་བྱུང་།
དེ་ཡང་སུམ་བཅུ་པའི་རྩ་གཞུང་ནས་བསྟན་པའི་བོད་སྐད་ཀྱི་ཚིག་ཕྲད་ཕལ་ཆེར་རྗེས་འཇུག་གི་ཡི་གེ་ལས་གྲུབ་ཅིང་། རྗེས་འཇུག་བཅུ་པོ་རྣམས་ནི་ཚིག་ཕྲད་དེ་དག་གི་འགྲུབ་པར་སྣང་སྙམ་སྟེ། རྩ་བ་ལས། རྗེས་འཇུག་ཡི་གེ་བཅུ་པོ་ནི།།མིང་གང་གི་ནི་མཐར་སྦྱར་བ།། དེ་ལ་ཨཱ་ལི་བཞི་པ་སྦྱར།། སླར་བསྡུ་བར་ནི་ཤེས་པར་བྱ།། ཞེས་སོགས་ཚིག་ཕྲད་རྣམས་བསྟན་སྐབས་རྗེས་འཇུག་དང་རྗེས་འཇུག་ཅེས་ཡང་ནས་ཡང་དུ་སྨྲ་བར་ཚུལ་ལས་ཤེས་སོ།།
༢ ཚིག་ཕྲད་ཀྱི་ངོ་བོ།
རང་རེའི་བཅུ་ཕྲག་རིག་གནས་ཀྱི་རྩ་བར་གྱུར་པ་ནི་བོད་སྐད་བརྡ་སྤྲོད་ཀྱི་བརྗོད་བྱར་གྱུར་པའི་ཚིག་ཕྲད་རྣམས་ཡིན། ཚིག་ཕྲད་ཀྱི་བར་ན་ཤེས་རིག་དེ་དག་གནས་ཡོད་པས།དང་ཐོག་ཚིག་ཕྲད་ཀྱི་ངོ་བོ་ཇི་ལྟར་ཡིན་པར་ངོས་འཛིན་རྒྱུ་ནི་གལ་འགངས་ཆེའོ།།
དེ་ཡང་སློབ་དཔོན་སྨྲྀ་ཏིའི་སྨྲ་སྒོ་མཚོན་ཆ་ལས། གང་ཞིག་རང་གི་དོན་མེད་ཅིང་།། དོན་གྱི་མིང་ལ་གསལ་བྱེད་པ།། ཚིག་གི་ཕྲད་ཅེས་བྱ་བ་སྟེ།། དེ་ལྡན་ཕྲད་དང་བཅས་པ་ཡིན།།ཞེས་དང་། འཇམ་དགོན་ས་སྐྱ་པཎྚི་ཏའི་སྒྲ་ལ་འཇུག་པ་ལས། རང་ལ་དོན་མེད་ཅིང་དོན་དང་ལྡན་པ་གསལ་བར་བྱེད་པ་སྟེ། དཔེར་ན་ཟངས་གཉིས་སྦྱར་བར་བྱེད་པའི་ཚ་ལ་ལྟ་བུའོ།།[1]ཞེས་དང་། བཅོམ་ལྡན་རིག་པའི་རལ་གྲི་ཡི་སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག་ལས།སྨྲ་གང་རང་ལ་དོན་མེད་ཅིང་།། དོན་ལྡན་མིང་ཚིག་ལ་བྱེད་པ།། ཚིག་གི་ཕྲད་ཡིན་དེ་ཡང་ནི།། སོ་སོ་བ་དང་འདུས་པ་གཉིས་ཡིན་ནོ་ཞེས་ནི་ཤེས་པར་བྱའོ།། ཞེས་དང་། ཨ་ལག་ཤ་ངག་དབང་བསྟན་དར་གྱི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ལས། ཀྱང་ཡང་འང་ཁོ་ན་ཙམ་སྟེ་ཏེ་དེ་ཤིན་ཏུ་སོགས་དང་། ཅིང་ཅེས་ཅེའོ་ཅེ་ན་ཅིག། དེ་བཞིན་དུ་ཞིང་སོགས་དང་དེའི་ཚེ་ན་ལྟ་བུ་རྣམས་ཚིག་ཕྲད་ཡིན་ཞིང་། དེ་རྣམས་རང་བཞིན་ཚིག་རྐྱང་གིས་བརྗོད་བྱ་སྟོན་མི་ནུས་པར་ཚིག་སྔ་ཕྱི་ཕྲད་ནས་དོན་སྟོན་པས་ན།ཚིག་ཕྲད་ཅེས་བྱའོ། ཞེས་དང་། རྗེ་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་ཐོན་མིའི་ཞལ་ལུང་ལས། མིང་ཚིག་གཅིག་གམ་དུ་མའི་ཐོག་མཐའ་བར་གསུམ་ཅི་རིགས་ཀྱི་གནས་སུ་ཕྲད་ཀྱི་སྒྲ་དེ་སྦྱར་བ་ན་དོན་ཞིག་སྟོན་ལ།དེ་ལྟར་མ་སྦྱར་བའི་ཕྲད་ཀྱི་སྒྲ་རྐྱང་བ་དེས་སྤྱི་བམ་ཞིག་ལས་དོན་གསལ་བོ་གང་ཡང་མི་སྟོན་ནོ།། དེ་འདྲ་བ་ལ་ཚིག་ཕྲད་ཅེས་ཟེར་བ་ཡིན། ཞེས་དང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སྐད་ཡིག་དང་སློབ་གསོ་ལས། རང་ཉིད་མིང་ཚིག་གཞན་ཞིག་དང་སྦྱར་ནས་བརྗོད་དོན་སྟོན་ཐུབ་པ་མ་གཏོགས། དེ་ལྟར་མ་སྦྱར་བར་རང་སྟོབས་ཀྱིས་བརྗོད་དོན་སྟོན་མི་ནུས་ཤིང་། མིང་ཚིག་སྔ་ཕྱིའི་བར་གྱི་མཚམས་སྦྱོར་བྱེད་དུ་སྦྱར་ན་བརྗོད་དོན་གསལ་བར་ཕན་ཐོགས་པ་ཞིག་ལ་ཟེར། ཞེས་དང་། དོར་ཞི་རིན་པོ་ཆེའི་བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་ལས། དོན་སོ་སོ་བ་རེ་སྟོན་པའི་མིང་སིལ་བུར་གནས་པ་རྣམས།གནས་སྐབས་ཀྱི་དོན་སྟོན་པའི་དགོས་མཁོ་དང་བསྟུན་ནས།ཕན་ཚུན་ཕྲད་པར་བྱེད་པའམ། ཕྱོགས་གཅིག་ཏུ་བསྡེབས་ནས་དོན་གྱི་རང་བཞིན་དང་བྱ་བའི་ཁྱད་པར་སོགས་བརྗོད་བྱ་ཚང་བའི་ཚིག་ཏུ་སྒྲུབ་བྱེད་ཀྱི་རྐྱེན་གྱི་ཡི་གེ་སྐོར་ཞིག་ཡིན། ཞེས་བསྟན་པ་སོགས་བྱུང་ངོ་།།
གོང་གི་མཁས་དབང་ཚོས་ཚིག་ཕྲད་ཀྱི་གོ་དོན་ཐད་ཀྱི་བཞེད་དགོངས་ལྟར། བོད་སྐད་ཚིག་ཕྲད་ནི་མིང་དང་མིང་བར། ཚིག་དང་ཚིག་གི་བར། བརྗོད་པ་དང་བརྗོད་པའི་བར་ཞུགས་ནས་དོན་གྱི་ཁྱད་པར་དང་། ངག་གམ་བརྗོད་དོན་ཞིག་རྫོགས་པར་སྟོན་ན། ཚིག་ཕྲད་ལ་མིང་ཕྲད་དང་ངག་ཕྲད་སོགས་མི་ཟེར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཚིག་ཕྲད་ནི་གཙོ་བོར་ཚིག་ཡས་མས་ཕྲད་བྱེད་ཀྱི་སྒྲ་ཡིན་པས་དེའི་བྱེད་ནུས་གཙོ་བའི་སྟེང་ནས་དེ་ལྟར་མི་བཏགས་པ་ལ་ཚིག་ཕྲད་ཅེས་པའི་ངེས་ཚིག་ཡིན་ནོ།།
༣ ཚིག་ཕྲད་ཀྱི་རིགས་དབྱེ་བ།
སྤྱིར་བོད་ཀྱི་བརྡ་སྤྲོད་ཀྱི་ཚིག་ཕྲད་ཀྱི་དབྱེ་ཚུལ་ལ། སྨྲ་སྒོ་མཚོན་ཆ་ལས། ད་ནི་ཚིག་གི་ཕྲད་འཆད་དེ། དེ་ཡང་གཉིས་ཏེ། ཕྲད་དང་ཕྲད་འདུས་པའོ། ཞེས་དང་། བཅོམ་ལྡན་རིག་པའི་རལ་གྲིའི་སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག་ལས། སོ་སོ་བ་དང་འདུས་པ་གཉིས།། ཡིན་ནོ་ཞེས་ནི་ཤེས་པར་བྱའོ།། ཞེས་ཚིག་ཕྲད་ལ་རྐྱང་མ་དང་འདུས་མའི་རིགས་གཉིས་ཡོད་པར་བསྟན། ཕྱིས་སུ་སི་ཏུ་པཎ་ཆེན་གྱིས་མུ་ཏིག་ཕྲེང་མཛེས་སུ་རྗེས་འཇུག་ལ་བལྟོས་མིན་གྱི་སྟེང་ནས་ཚིག་ཕྲད་གཞན་དབང་ཅན་དང་རང་དབང་ཅན་ཞེས་ཚིག་ཕྲད་ཀྱི་དབྱེ་བ་མཛད་པས་ཕྱིས་ཀྱི་མཁས་པ་ཕལ་ཆེ་བས་གང་དེའི་ལུགས་ཀྱི་རྗེས་སུ་འབྲངས་ནས་དེ་ལྟར་དུ་སྨྲ་བ་ནི་ད་ལྟའི་བར་དུ་ཀུན་ལ་རྒྱུགས་ཆེ་བ་ཡིན།
གཉིས་པ། དགག་སྒྲའི་ཕྲད་ཀྱི་འཇུག་ཡུལ།
༡ དགག་སྒྲའི་རྩ་བའི་མཚན་ཉིད།
རྩ་བ་ལས། གང་མིང་བརྗོད་པའི་ཡ་མཐའ་ན།། སྟྲཱི་ལིངྒ་ཡི་སྒྲ་མེད་པ།དེ་ལ་སྟྲཱི་ལིངྒ་སྦྱར་ན།། དགག་པའི་གནས་སུ་ཤེས་པར་བྱ།། ཞེས་པའི་དགག་སྒྲ་བསྟན་པ་ལས།སུམ་ཅུ་པའི་གཞུང་གི་རྣམ་དབྱེ་དང་རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་གཞན་དབང་ཅན་དང་རང་དབང་ཅན་ཡོངས་སུ་བསྟན་ཟིན་པ་ཡིན། དགག་སྒྲའི་ཕྲད་འདི་ཡང་རྩ་བ་ལྟར་ན་དེ་ཙམ་མི་གསལ་བས། ས་སྐྱ་པཎྚི་ཏས་མ་མི་གཉིས་ལས་དགག་སྒྲའི་ཕྲད་དུ་བཞག་མེད་ལ། སི་ཏུ་པཎ་ཆེན་གྱིས་དགག་སྒྲའི་དངོས་བསྟན་གྱི་ཕྲད་མ་དང་མོ་ཡིན་མོད། མོ་ཡིག་དགག་སྒྲར་མི་འགྱུར་བས། མ་ཡིག་གཅིག་པུ་དགག་སྒྲའི་དངོས་བསྟན་གྱི་ཕྲད་དང་ཞར་ལ་མི་ཡིག་ཀྱང་དགག་སྒྲའི་ཕྲད་དུ་འགྲོ་བས་དཔེར་བརྗོད་ཀྱང་མཛད་འདུག་པར་མ་ཟད། མེད་དང་མིན་དག་ནི་མ་ཡིག་དང་འབྲེལ་དགག་སྒྲར་གྱུར་པ་དང་དོན་དང་ལྡན་པའི་ཕྲད་ཀྱང་ཡིན་པས་རྟགས་འཇུག་གི་སྐབས་སུ་འཆད་འགྱུར་ལྟར་སྟྲཱི་ལིངྒའི་སྒྲའི་ཆ་ཤས་སུ་གཏོགས་མོད་ཀྱི་འདི་དག་མིང་གི་ཐོག་མར་འཇུག་པས་སྐབས་འདིའི་བསྟན་བྱ་མ་ཡིན་ཞེས་གསུངས་འདུག། པྲ་ཏི་དགེ་བཤེས་ཀྱིས།རྩ་བར་དངོས་སུ་བསྟན་པའི་དགག་སྒྲའི་ཕྲད་མ་དང་ཤུགས་ལ་བསྟན་པའི་ཕྲད་མི་མེད་མིན་མ་ཡིན་བཅས་ཡིན་པར་བཞེད་ཡོད།ཁོང་གི་སུམ་འགྲེལ་དུ།དེ་ལྟར་མིང་གི་ཐོག་མར་སྦྱོར་བ་མ་དང་མི་དང་།མཐར་སྦྱོར་བ་མེད་དང་མིན་དང་མ་ཡིན་ཞེས་པའི་སྒྲ་རྣམས་དགག་པའི་སྒྲ་ཡིན་ནོ། ཞེས་གསུངས། གང་ལྟར་ལེགས་བཤད་ལྗོན་དབང་དུ་གསུངས་པའི་མ་མི་མིན་མེད་དགག་སྒྲ་སྟེ།།མ་མི་ཐོག་མ་མིན་མེད་མཇུག།[2]ཅེས་པ་ནི་ད་ལྟ་ཡོངས་ཀྱིས་ཁས་ལེན་པའོ།།
༢ སོ་སོའི་འཇུག་ཡུལ།
ལེགས་བཤད་ལྗོན་དབང་ལས། མ་མི་མིན་མེད་དགག་སྒྲ་སྟེ།། མ་མི་ཐོག་མ་མིན་མེད་མཇུག། མ་ནི་བར་གྱི་གསལ་བྱེད་ལའང་།། འཇུག་ཅིང་བྲལ་དང་ཟད་གཉིས་ཡང་།། དགག་སྒྲ་འདྲ་མཚུངས་ཟེར་བས་ཆོག།མྱི་དང་མྱེད་ནི་བརྡ་རྙིང་ངོ་།། ཞེས་པ་མ་དང་མི་ནི་མིང་གི་ཐོག་མ་འཇུག་པ་དང་། མིན་དང་མེད་ནི་མཐའ་མར་འཇུག་ལ། མ་ནི་མིང་གི་བར་འཇུག་པའོ།། དེ་ཡང་ཞིབ་ཏུ་བརྗོད་ན་འདི་ལྟར་ཏེ།
༡ མ་མིའི་འཇུག་ཡུལ།
(༡)བྱ་བ་འདས་པ་སྟོན་པའི་ཐ་སྙད་ལ་མ་སྦྱོར་བ། དཔེར་ན། མ་བྱས། མ་བཏང་། མ་སྐྱེས།
(༢)གཞན་ཕྱོགས་ཀྱི་བྱ་བ་བྱེད་འགྱུར་འགོག་པ་ལ་མ་སྦྱོར་བ། དཔེར་ན།མ་འགྲོ། མ་བལྟ། མ་ཡོང་།
(༣)རང་ཕྱོགས་ཀྱི་བྱ་བ་གང་ཞིག་མི་བྱེད་པར་སྟོན་པ་ལ་མི་སྦྱོར་བ། དཔེར་ན། མི་བཤད། མི་ཟ། མི་འགྲོ།
(༤)བྱ་ཚིག་ད་ལྟ་བ་དང་མ་འོངས་པ། སྐུལ་ཚིག་གི་སྔོན་དུ་མི་སྦྱར་ནས་དངོས་པོའི་གནས་ཚུལ་སྟོན་པ། དཔེར་ན། བྱི་ལ་འདིས་ཙིག་གུ་མི་འཛིན། མི་འདི་རྒྱ་སྲང་ལ་མི་འགྲོ། ལྐུག་པས་སྐད་ཆ་མི་ཤོད་ལྟ་བུ།
(༥)མ་མི་གཉིས་ཆོས་བརྗོད་པའི་ཐ་སྙད་ཀྱི་སྔོན་དུ་སྦྱར་བ།
དཔེར་ན།རང་བཞིན་མི་ངན་མི་བཟང་།རྒྱ་ཁྱོན་མི་ཆེ་མ་ཆུང་། ལང་ཐག་མི་རིང་མི་ཐུང་།
(༦)མ་མི་གཉིས་ཆོས་ཅན་བརྗོད་པའི་ཐ་སྙད་དང་གྲངས་བརྗོད་པའི་ཐ་སྙད་ཀྱི་སྔོན་དུ་མི་འཇུག་པ།
དཔེར་ན། མི་རྟ། མི་གསུམ། མ་བུ། མ་གཅིག།
༢ མིན་མེད་ཀྱི་འཇུག་ཡུལ།
མིན་མེད་ནི་མིང་ཚིག་ཀུན་གྱི་མཐའ་ལ་དོན་སྟོན་པའི་དགོས་མཁོ་དང་བསྟུན་ནས་སྦྱར་རུང་བ་ཡིན། དེ་ཡང་དོན་གྱི་སྟེང་ནས་ཕྱེ་ན་མེད་ནི་ཡོད་པའི་ལྡོག་ཕྱོགས་ལ་སྦྱོར་བའི་མེད་དགག་ཡིན་ལ། མིན་ནི་ཡིན་པའི་ལྡོག་ཕྱོགས་སུ་སྦྱོར་བའི་མ་ཡིན་དགག་གི་སྒྲ་ཡིན། དེ་ལས་དགག་སྒྲ་ཡ་ཡིན་ན་དགག་པའི་དོན་རང་ཡིན་པ་སྟེ་མེད་པ་དང་མིན་པའི་དོན་ཡིན། དགག་སྒྲ་ཆ་ཡིན་ན་དགག་པའི་དོན་ལས་ལྡོག་སྟེ་ཡོད་པ་དང་ཡིན་པ་སྟོན་པ་ལ་དཔེར་ན།མི་རྟག་པ་མིན་ནི་རྟག་པ།མེད་པ་མིན་ནི་ཡོད་པ།
གསུམ་པ། དགག་སྒྲའི་ཕྲད་ཀྱི་གྲུབ་ཚུལ།
སྤྱིར་ཚིག་ཕྲད་ལ་ཕྲད་རང་ངོས་ཀྱི་གྲུབ་ཚུལ་གྱི་སྟེང་ནས་དབྱེ་ན་ཚིག་ཕྲད་རྐྱང་མ་དང་ཚིག་ཕྲད་འདུས་མ་ཞེས་དབྱེ་བ་ཡོད་པར་སྙམ་སྟེ། དང་པོ་ཚིག་ཕྲད་རྐྱང་མ་ཞེས་པ་ནི། རང་ཉིད་ཚིག་ཕྲད་ཡིན་པ་ལ་རང་སྒྲུབ་བྱེད་ཀྱི་ཚེག་ཁྱིམ་རྐྱང་མའམ་གཅིག་ལས་མེད་པ་དག་ལ་ཟེར། དེ་ཡང་ཚིག་ཕྲད་འདུས་མ་ཞེས་པ་ནི་གོང་དུ་བཤད་པའི་ཚིག་ཕྲད་རྐྱང་མ་རྣམས་གཉིས་གཉིས་ཕན་ཚུན་འདུས་པས། ཡང་ན་མང་པོ་ཕན་ཚུན་འདུས་པ་ལས་ཚིག་ཕྲད་ཀྱི་སྐབས་ཤིག་བྱུང་བ་དེ་ལ་གོ་དགོས།
སྐབས་སུ་བབས་པའི་བརྗོད་བྱ་དགག་སྒྲའི་ཕྲད་ནི་ཚིག་ཕྲད་རྐྱང་མས་གྲུབ་པ་ཡིན། དེ་ཡང་པྲ་ཏི་རིན་ཆེན་དོན་གྲུབ་གྱི་ཀུན་བཟང་དགོངས་རྒྱན་ལས།གཉིས་པ་ཚིག་ཕྲད་རྐྱང་པ་འཆད་པ་ལ་ཡང་།། ཞེས་དང་། དོར་ཞི་རིན་པོ་ཆེའི་བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་ལས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་ཚིག་ཕྲད་ཀྱི་རྣམ་གཞག་བཤད་པ་གསར་སློབ་དེབ་ལམ་ཞེས་པའི་ལེ་ཚན་དུ་རང་དབང་ཅན་དང་གཞན་དབང་ཅན་གྱི་ཚིག་ཕྲད་རྣམས་ལྷན་ཅིག་ཏུ་བསྟན་གནང་འདུག་ཅིང་། ལེ་ཚན་དེའི་མཇུག་ཏུ་ལས་ཕྲད་རྐྱང་གི་བྱེད་ལས་གོ་བདེ་ལུགས་སུ་བཀྲལ་བ་རེ་ཞིག་མཚམས་བྱས་སོ།། ཞེས་ཚིག་ཕྲད་རྐྱང་པ་མང་དུ་བསྟན་ནོ།།
༡ མིང་གི་ཆ་ཤས་དང་དགག་སྒྲའི་ཕྲད།
དགག་སྒྲར་འགྱུར་བའི་ཕོ་མོའི་རྟགས་གང་ཡིན་ཐམས་ཅད་དགག་སྒྲ་དང་ཡང་ན་བདག་སྒྲར་བཤད་པ་མིན་ཏེ། དཔེར་ན། མ་མོ། མེ་ཧེ་ལྟ་བུའི་མིང་གི་ཆ་ཤས་སུ་ཐོག་མ་ནས་གྲུབ་པའི་མ་ཡིག་མོ་རྟགས་དང་དགག་སྒྲ་མ་ཡིན་པ་དང་།བླ་མ། སློབ་མ། གྲོ་མ། ལྟ་བུའི་མ་ཡིག་མོ་རྟགས་དང་དགག་སྒྲ་གང་ཡང་མ་ཡིན་པའང་ཡོད། ལྷ་ཞེས་པ་དང་། མི་ཞེས་པ་ལྟ་བུ་ཕོ་མོ་གཉིས་ཀའི་སྤྱི་བརྗོད་པ་ཡིན་སྟབས།རེ་རེའི་རྟགས་སུ་མི་འགྱུར་མོད།ལྷ་མོ་ཞེས་བྱ་བའི་ཟླ་དང་ཚོགས་ན།ལྷ་ཞེས་པ་ཕོར་གོ་བ་དང་། དེ་བཞིན་དུ་བུ་དང་བུ་མོ། མི་དང་མི་མོ། རྒྱ་དང་རྒྱ་མོ་སོགས་ཀྱི་ཟླ་བོ་ཕྱི་མ་ལ་མོ་རྟགས་སྦྱར་བའི་ནུས་བས་སྔ་མ་ཕོར་གོ་བར་མིན་པ་བཞིན་ནོ།།
༢ དགག་སྒྲ་དང་དགག་སྒྲའི་ཕྲད།
དགག་སྒྲ་དང་དགག་སྒྲའི་ཕྲད་གཉིས་ལ་ཁྱད་པར་ཡོད་དེ་མུ་བཞི་དབྱེ་ན་གསལ་ལོ།། དགག་སྒྲ་ཡིན་ན་དགག་སྒྲའི་ཕྲད་མ་ཡིན་པའི་མུ། དབེན། སྟོང་ལྟ་བུ། དགག་སྒྲ་མིན་ལ་དགག་སྒྲའི་ཕྲད་ཡིན་པའི་མུ། མིང་རྐྱང་སྐབས་ཀྱི་མ་དང་། མི་ལྟ་བུ། དགག་སྒྲ་དང་དགག་སྒྲའི་ཕྲད་གཉིས་ཀ་ཡིན་པའི་མུ། མ་མི་མིན་མེད་བཞི་ལྟ་བུ། གཉིས་ཀ་མ་ཡིན་པའི་བདག་སྒྲ་དང་ནི་སྒྲ་ལ་སོགས་པའོ།།
བཞི་པ། དགག་སྒྲའི་ཕྲད་ལས་འཕྲོས་ཏེ་བུད་མེད་དང་འབྲེལ་བའི་སྐོར།
འགྲོ་བ་མི་བྱུང་བ་ནས་བཟུང་སྟེ་ཕོ་མོ་གཉིས་འདུས་ནས་རིགས་རྒྱུད་ཕྱི་མ་དེ་ལ་བུ་ཞེས་མིང་བཏགས། བུ་ལ་ཡང་རིགས་གཉིས་ཡོད་དེ་བུ་ཕོ་དང་བུ་མོ་ཞེས་འབོད་་སྲོལ་བྱུང་བ་རེད། འདི་ལ་བུ་ཞེས་པ་ནི་རང་གི་རྒྱུད་འཛིན་བུ་རྒྱུད་སྤྱིའི་མིང་ཡང་ཡིན། བརྗོད་བདེ་བའི་དབང་གིས་བུ་ཕོའི་རིགས་ལ་བུ་ཞེས་སྤྱི་མིང་བྱེ་བྲག་ཏུ་ཆགས། དེ་ལྟར་ཕོ་དང་མོ་གཉིས་ལ་དབྱངས་ཀྱི་ཡི་གེ་ཕྲིས་ནས་ཕ་དང་མ་ཞེས་འབོད། མ་ཞེས་པ་ཡང་རྩ་བ་ཡང་ན་གཞིའི་དོན་ཏེ། མ་གཞི།མ་མོ། མ་རྩ།མ་ཡིག་སོགས་ལྟ་བུ་ནི་རང་ཉིད་སྐྱེད་པའི་རྩ་བའི་རྒྱུ་ཡིན་པས་ན་མ་ཞེས་ཟེར།དེ་ནས་ཨ་ཡིག་ཐོག་མ་སྦྱར་ནས་ཨ་མ་དང་། ཨ་གཅེས། ཨ་ཕྱི་ཞེས་འབོད་པ་དེ་ཉིད་ཧ་ཅང་བཀའ་དྲིན་ཆེ་ཞིང་གཅེས་པར་འཛིན་པའི་དོན་སྟོན་ཐུབ་པར་མ་ཟད་དེའི་ནང་ནས་ཨ་མ་ཞེས་པའི་ཐ་སྙད་ལས་གདོད་མའི་མ་རྒྱུད་སྤྱི་ཚོགས་ཀྱི་རྣམ་པ་སྟེ། བུད་མེད་རྣམས་ལ་གུས་བཀུར་བྱས་པར་མ་ཟད་སྤྱི་ཚོགས་ཀྱི་གོ་བབ་དང་ཐོབ་ཐང་ཡང་སྐྱེས་པ་ལས་མཐོ་བའི་གནས་དེ་བཟུང་ཡོད་པར་མཚོན།དེ་ཡང་ཕོ་དང་མི་ཞེས་འདོད་རྒྱལ་གྱི་མིང་གཉིས་ལས་བྱུང་བའི་རྗེས་གྲུབ་ཀྱི་མིང་བཏགས་ཚུལ་སྐོར་ལའང་།མི་ཕོ་དང་མི་མོ།ཕ་དང་མ།བུ་ཕོ་དང་བུ་མོ།སྐྱེ་བ་ཕོ་དང་སྐྱེ་བ་མོ།སྐྱེས་པ་དང་སྐྱེས་མ། བཙན་པོ་དང་བཙན་མོ། ཕོ་རྒོད་དང་མོ་རྒོད་ཅེས་མིང་གི་རྣམ་གྲངས་མང་པོ་ཡོད་པར་མ་ཟད། དོན་ཀྱི་ངོ་བོ་སྟེང་ལ་གཙོ་ཕལ། བཟང་ངན། མཆོག་དམན་སོགས་ཀྱི་དབྱེ་བ་མེད།
བུད་མེད་ཅེས་པ་བྱ་ཚིག་བུད་ལ་དགག་སྒྲའི་ཕྲད་མེད་སྦྱར་ནས་མོའི་མིང་འདོགས་ཚུལ་གྱི་འགྱུར་བ་འདིས་དོན་གང་འདྲ་ཞིག་སྟོན་ཡོད་ཅེ་ན། བུད་ཅེས་པ་ཕྱི་རུ་ཐོན་པའང་ཡར་ཐོན། གོང་དུ་འཛེག་པ་སོགས་ཀྱི་དོན་ཡིན་ལ། དེ་ལ་མེད་ཅེས་དགག་སྒྲའི་ཕྲད་སྦྱར་བས། ཡར་ཐོན་མེད་པའི་དོན་དུ་གོ། མིང་གི་འདོགས་ཚུལ་ལ་འགྱུར་བ་དེ་འདྲ་བྱུང་བ་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་ཀྱང་འདིར་འཆད་བྱ་མིན་པས་མ་བརྗོད་དོ།། ལར་དགག་སྒྲའི་ཕྲད་རང་ལ་གཙོ་ཕལ་དང་མཆོག་དམན། བཟང་ངན་གང་ཡང་མེད་ཀྱང་། དེ་མིང་གང་རུང་གི་རྗེས་སུ་འཇུག་དུས་མིང་དེའི་དོན་ལྡོག་ཕྱོགས་སུ་སྟོན་པའི་ནུས་པ་ལྡན། དེར་བརྟེན། ཕྲན་གྱི་བསམ་ཚུལ་ལ་ང་ཚོས་རྒྱུན་དུ་ཡིག་ཐོག་གམ་ཡང་ན་ངག་ཐོག་གང་རུང་བུད་མེད་ཅེས་མིང་སྤྱོད་པ་ལས་སྐྱེས་མ་ཞེས་སྤྱད་ན་འོས་འཚམ་ཞིག་ཡིན་པར་སྙམ་མོ།།
མཇུག་བསྡུ་བ།
སྤྱིར་བོད་ཀྱི་བརྡ་སྤྲོད་ཁག་གི་ཕྱི་མོ་སུམ་ཅུ་པ་ལས་དགག་སྒྲ་བརྗོད་ཡོད་ཀྱང་དེའི་འཇུག་ཡུལ་ལ་མཁས་པ་སོ་སོས་བཞེད་ཚུལ་མི་མཐུན་པ་མང་པོ་ཡོད། སྐབས་འདི་ལ་གཙོ་བོ་སྲོལ་རྒྱུན་བརྡ་སྤྲོད་རིག་པ་གཞི་བཟུང་དེང་རབས་བརྡ་སྤྲོད་རིག་པའི་འགྲོས་དང་བསྟུན་ནས་དཔྱད་རྩོམ་ཧྲིལ་བོ་ཚན་ཆུང་བཞིར་བགོས་ནས་བཤད་ཡོད་དེ། དང་པོ་བརྡ་སྤྲོད་རིག་པའི་སྤྱི་ཁོག་བཤད་པ་ལ་གཙོ་བོ་བོད་སྐད་བརྡ་སྤྲོད་རིག་པ་དང་བྱེ་བྲག་ཚིག་ཕྲད་ཀྱི་རྣམ་བཞག་བཤད་ཡོད། གཉིས་པ་དགག་སྤྲའི་ཕྲད་ཀྱི་འཇུག་ཡུལ་ལ་མཁས་པ་སོ་སོའི་དགོངས་པ་མི་འདྲ་བ་ཞིབ་ཏུ་བརྗོད་ཡོད། གསུམ་པ་དགག་སྒྲའི་ཕྲད་ནི་ཚིག་ཕྲད་རྐྱང་མ་དང་ཚིག་ཕྲད་འདུས་མ་གཉིས་ལས་ཚིག་ཕྲད་རྐྱང་མས་གྲུབ་པ་དང་། དགག་སྒྲ་དང་དགག་སྒྲའི་ཕྲད་གཉིས་ཀྱི་ཁྱད་པར། དགག་སྒྲ་དང་མིང་གི་ཆ་ཤས་བར་གྱི་ཁྱད་པར་སོགས་ལ་དཔྱད་པ་བཏང་ཡོད། བཞི་པ་སྟེ་མཇུག་མཐའ་དགག་སྒྲའི་ཕྲད་ལས་འཕྲོས་སྟེ་བུད་མེད་དང་འབྲེལ་བའི་སྐོར་ལ་ཅུང་ཟད་དཔྱད་དེ། བུད་མེད་ཅེས་པའི་ཐ་སྙད་དེས་ཕོ་མཆོག་མོ་དམན་གྱི་ལྟ་བ་ཞིག་བསྟན་པས་དེ་བས་སྐྱེས་མ་ཞེས་པའི་མིང་དེ་སྤྱད་ན་བཟང་བ་བཤད་ཡོད།
གཞན་ཡང་། ད་ལྟའི་བོད་ཀྱི་སུམ་རྟགས་གཉིས་ཀྱི་ནང་དུ་བོད་ཀྱི་བརྡ་སྤྲོད་ཆ་ཚང་ཞིག་མེད་པ་ནི་བཤད་མ་དགོས་པ་ཞིག་རེད། ཐོན་མིའི་རྒྱུན་འཛིན་སྔོན་བྱོན་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་གཞུང་འདི་གཉིས་ཁོ་ན་ལ་མཐའ་དཔྱད་ཀྱིས་དུས་འདའ་བ་ལས། བོད་རང་གི་སྐད་གཤིས་ལ་བརྟགས་ནས་བརླགས་ཟིན་པའི་གཞུང་རྣམས་ཀྱི་བརྗོད་དོན་བསྐྱར་གཟོ་དང་ཁ་སྐོང་གནང་རྒྱུའི་ཐུགས་འདུན་མ་ཤར་བ་ནི་རང་རེའི་གྱོང་གུན་དུ་སྣང་། ཞེས་ཁོ་བོའི་སློབ་དཔོན་གྱིས་ནམ་རྒྱུན་གསུངས་པ་ནང་བཞིན་སྐབབ་བབས་ཀྱི་བརྗོད་བྱ་དགག་སྒྲའི་ཕྲད་ལ་ཡང་བོད་རང་གི་སྐད་གཤིས་ལ་བརྟགས་ན་ཕྲད་དེ་དག་ཀྱང་ཚིག་ཕྲད་ཀྱི་རྣམ་པ་ལས་བརྒལ་བའི་སྣང་ཚུལ་ལྡན་ཡོད་པ་ཤེས་སླའོ།།
བོད་ལྗོངས་སྨར་ཁམས་རྫོང་འགག་མདོ་ཤང་སློབ་ཆུང་གི་དགེ་རྒན་ཚེ་རིང་གིས་བྲིས།
西藏芒康县昂多乡小学教师次仁