国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་ཆོས་ལུགས་ལས་དོན་མགོ་ཁྲིད་ཚོ་ཆུང་གི2023ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

སྤྱི་ཟླ3པའི་ཚེས21ཉིན་ལ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་ཆོས་ལུགས་ལས་དོན་མགོ་ཁྲིད་ཚོ་ཆུང་གི2023ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་མོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ཤུགས་ཆེན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། འབྲེལ་ཡོད་ལས་ཀའི་སྙན་ཞུར་ཉན་འཇོག་བྱས་ནས་ལོ་འཁོར་གྱི་ལས་ཀའི་གཙོ་གནད་ལ་གྲོས་ཞིབ་དང་ཕྱིན་ཆད་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་གྲོས་ཚོགས་ནང་ཞུགས་ཡོད།

གྲོས་ཚོགས་སུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་བསྟར་བྱ་སྤྱོད་ཇེ་ཟབ་ཏུ་སྤེལ་ཞིང་། དགོན་པའི་དོ་དམ་ལས་ཀ་ཡག་མོ་སྒྲུབ་པ། ཉེན་ཁའི་མངོན་མེད་རྐྱེན་ངན་གལ་ཆེན་དོགས་ཟོན་དང་སེལ་བ། ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་ལས་ཀ་ཡོངས་སུ་འཛིན་པ་བཅས་བྱ་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུར་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་ཀར་ཤུགས་རྒྱག་པའི་གཞི་རྩ་ནི་ཏང་གི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་པ་དེ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ(ཏང་ཚན་ཁག)ཡིས་འགན་འཁྲི་གཙོ་བོ་ལག་བསྟར་ནན་ཏན་བྱས་ནས་དུས་བཀག་སྟེ་གནད་དོན་གལ་ཆེན་ཞིབ་འཇུག་དང་ལས་དོན་གལ་ཆེན་བཀོད་སྒྲིག་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཚན་ཁག)ཧྲུའུ་ཅི་ཡིས་དངོས་སུ་ཞིབ་འཇུག་དང་དངོས་སུ་སྐུལ་འདེད་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་མཐུན་སྦྱོར་ཁྲིད་སྟོན་དང་སྐུལ་ཁྲིད་ཞིབ་བཤེར་བྱ་དགོས། ནུས་ལྡན་སྡེ་ཚན་ཁག་གིས་མཉམ་ལས་མཉམ་འགུལ་དང་མཉམ་ཤུགས་སུ་ཆགས་པ་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་མདུན་ཕྱོགས་སུ་སྤེལ་བ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་གཉེར་རྣམ་པ་འཐུས་ཚང་གཏོང་བར་སྐུལ་འདེད་གཏོང་ཞིང་། ཕྱོགས་གང་ཅིའི་ཐད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་ཀར་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པའི་རྣམ་པ་རྒྱུན་མི་ཆད་པར་བརྟན་པོ་ཆགས་པ་དང་འཕེལ་རྒྱས་གཏང་དགོས་ཞེས་ནན་པོར་བསྟན་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)