国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁ་པར་འོག་གི་འཇིག་རྟེན།

ཀ་ཁའི་དབྱངས་རྟ་ངག་ལ་སྐྱོར་བའི་བློ་གསལ་ན་ཆུང་བྱིས་པ་ཚོས།།

ཁ་ཕྱོགས་རིག་པའི་གླིང་ལ་ཕྱོགས་ཏེ་དཔེ་ཆ་མི་སློག་ཁ་པར་སློག།

ག་ལེར་སངས་རྒྱས་ས་ལ་བརྩོན་པའི་ཁྱིམ་མེད་རབ་བྱུང་གྲྭ་བ་ཚོས།།

ང་བདག་གཟུང་འཛིན་སྤོང་བར་བརྩོན་ཏེ་ཁ་པར་མི་འདོར་ཉམས་ལེན་འདོར།།

ཅ་ཅོའི་ལབ་གླེང་ཆོ་མེད་སྤངས་ཏེ་གཞན་དོན་ཁུར་བའི་ལས་བྱེད་ཚོས།།

ཆ་རྐྱེན་མི་མངའ་བཀྲེས་སྐོམ་མྱོང་མཁན་མི་དམངས་མི་ལྟ་ཁ་པར་ལྟ།།

ཇ་ཁང་ཆང་ཁང་ཉུལ་བར་མི་རངས་རིག་ལ་གཞོལ་བའི་དགེ་རྒན་ཚོས།།

ཉ་གང་ཟླ་ལྟར་རྣམ་དཔྱོད་གསལ་བའི་སློབ་ཚོགས་མི་སྐྱོང་ཁ་པར་སྐྱོང་།།

ཏ་ཐཱ་ག་ཏའི་གསུང་རབ་རིན་ཆེན་ཡང་ཡང་ཟློ་བའི་ཨ་མཆོད་ཚོས།།

ཐ་ཞན་ཚེ་འདས་གང་དེར་དམིགས་ཏེ་ཆོ་ག་མི་ཀློག་ཁ་པར་ཀློག།

ད་རེས་ཚེ་འདིར་ལས་དབང་ཞིག་གིས་ཕ་མ་གྱུར་པའི་ཁྱིམ་བདག་ཚོས།།

ན་ཆུང་བྱིས་པའི་འགྲོ་འདུག་སྤྱོད་པར་སློབ་གསོ་མི་གཏོང་ཁ་པར་གཏོང་།།

པ་ཏྲའི་རིས་ལྟར་མཛེས་སྡུག་ཡུལ་གྲུ་རྒྱ་གྲོང་འགྲིམ་བའི་བོད་སློབ་ཚོས།།

ཕ་རྒྱུད་མེས་པོས་ཤུལ་བཞག་སྐད་ཡིག་སྲོག་ལྟར་མི་གཅེས་ཁ་པར་གཅེས།།

བ་མོས་མེ་ཏོག་བཅོམ་པ་ཇི་བཞིན་ལང་ཚོ་རྒུད་པའི་བགྲེས་པོ་ཚོས།།

མ་ཏྲིའི་བསྙེན་པ་དབྱངས་ལ་བཀུག་སྟེ་ཁ་པར་མི་སྐྱུར་ཕྲེང་བ་སྐྱུར།།

ཙ་གེ་ཙིག་གེའི་ལས་ཀ་དགོས་པའི་མཐོ་སྒང་སྦྲ་ཁྱིམ་འབྲོག་པ་ཚོས།།

ཚ་གྲང་མི་སྙོམས་རི་སྒང་ཞིག་ནས་ཕྱུགས་ཟོག་མི་ལྟ་ཁ་པར་ལྟ།།

ཛ་དྲག་ཆེ་བའི་ཉེར་གཅིག་དུས་འདིར་ཤེས་རིག་དབེན་པའི་བོད་པ་འགས།།

ཝ་ལྟར་སྤྱོད་ངན་སྒོར་མོའི་སླད་དུ་ཁ་པར་ངོས་སུ་རྗེན་རྗེན་སྟོན།།

ཞ་ར་མིན་རྣམས་མཐོང་པ་ཉིད་ནས་གུས་བཀུར་བྱེད་སའི་བླ་སྤྲུལ་འགས།།

ཟས་གོས་ཟང་ཟིང་འདོད་དགུ་འབུལ་མཁན་ཡོན་བདག་མི་གཟིགས་ཁ་པར་གཟིགས།།

འ་ཅག་ཕ་མའི་དངུལ་སྒོ་ཁུར་ཏེ་བས་མཐར་འགྲིམ་པའི་སློབ་གཉེར་ཚོས།།

ཡ་མཚན་བཅུ་ཕྲག་རིག་གནས་མི་དཔྱད་ཁ་པར་ནང་གི་འཆལ་གཏམ་དཔྱད།།

ར་བ་གངས་དཀར་ལྷུན་པོས་བརྒྱན་པའི་གསར་སྐྱེས་གངས་ཅན་གཞོན་ནུ་ཚོས།།

ལ་ལུང་རྩི་ཤིང་ནགས་ཀྱིས་ཕྱུག་པའི་རང་ཡུལ་མི་འཚོ་ཁ་པར་འཚོ།།

ཤ་ཚ་སྙིང་རྗེ་ཁོང་ནས་བརྟས་པའི་འདི་ཕྱིར་རེ་བའི་སྐྱབས་མགོན་འགས།།

ས་ཕྱོགས་མི་ཉུལ་དབེན་གནས་འཁོད་དེ་སྒོམ་སྒྲུབ་མི་བརྩོན་ཁ་པར་བརྩོན།།

ཧ་ལམ་དེང་འདིར་རྒན་གཞོན་དར་གསུམ་ཁ་པར་མེད་པ་མི་མངའ་ཡང་།།

ཧ་ཧ་རྒོད་གཏམ་ངག་འཁྱལ་སྤངས་ཏེ་ཁ་པར་དོན་ཡོད་སྤྱོད་མཁན་དཀོན།།

ཨ་རག་མ་འཐུང་མྱོས་པ་མེད་ཀྱང་འགའ་ཞིག་ཁ་པར་འདི་ཡིས་མྱོས།།

ཨ་རོག་བློ་ཁར་སྲབ་མདའ་མེད་ཚེ་ཁ་པར་འདི་ཀོ་སྤང་བར་འཚལ།།

༼ གཡུང་དྲུང་བཀྲ་ཤིས། ༽