国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙིང་ལགས།

སྙིང་ལགས།

དུས་ཚོད་ཀྱི་འཆར་ཡན་ངོས་སུ།

མྱོང་མི་ཚར་བའི་ས་སྲོད་བྲིས་ཡོད།

མཚམས་སྤྲིན་གྱི་མེ་ལོང་གསལ་བས།

ཞེ་འདང་གི་འཛུམ་ཆུང་དཀྲོལ་འོང་།

སྙིང་ལགས།

གཙང་པོ་སྙན་པས།

རྨི་ལམ་གཅུན་དགོས་མི་འདུག།

སྨག་གི་གྲིབ་གཟུགས་འཁྱག་སྣང་མི་དགོས།

སྙིང་ལགས།

རྒྱང་རིང་ཁ་གཏད་དུ་འགྲེངས་པའི་དྲན་པ།

མཛེས་སྡུག་གི་ནམ་མཁའ་ཡངས་པོས།

སེམས་དྲོད་ཀྱི་ཉི་འོད་རྔུབ་ཆོག།

སྙིང་ལགས།

རྡུལ་ལ་ཡན་པའི་ཁམས།

འཚོ་བའི་དགའ་སྐྱོ་ནང་གི་ཞེ་

འདང་གི་མཛུབ་དཀྲིས་དམར་པོ།

སྙིང་ལགས།

བེམ་གཟུགས་སུ་འགྲེངས་པའི་རྣམ་ཤེས།

གངས་རིའི་ཕང་བ་རུ་བརྗིད་ཅིང་

རྔམ་པའི་གྲིབ་མ།

སྐྱེ་བ་ཚེ་རབས་སུ་བསགས་པའི་

དྲན་པའི་རྡུལ།

སྙིང་ལགས།

རླུང་དམར་གྱིས་སྤྲིན་པ་གཤགས་རུང་།

འཛུམ་མདངས་ཀྱི་ས་སྲོད་ཁོ་ན་སྙིང་དུ་སྡུག།

སྙིང་ལགས།

ཚོར་བའི་ཁམས་ཀློང་དུ།

འུ་གཉིས་གཞིས་བྱེས་ལྷན་འཛོམས་ཡིན།

༼ གུ་དཔལ་ཤིས། ༽