དོ་ནུབ་གྲོང་ཁྱེར་དུ་གློག་མེད་ལ་ནམ་མཁའ་རུ་སྐར་མ་ཡང་མེད།
འཕྲུལ་རྟ་དང་འཁོར་རིགས་ཀྱི་དུང་བརྡ་ཞན།
ངའི་ཀུ་ཤུ་བཅུ་གསུམ་པའི་གློག་ཀྱང་རྫོགས་ལ་ཁད།
ང་གཅིག་པུར་རླངས་འཁོར་གྱི་འབབ་ཚུགས་གསུམ་ལ་ཉུལ།
ངོ་ཤེས་ཚོ་སྟེགས་སྒྲིག་དང་སྒྲིག་ཤོར་ཁང་དུ་འཚུབ།
པྲ་སྒྲོན་ཅུང་ཟད་ཁུར་ནས་འབར་ཞུན་གྱིས་གོ་མ་ཆོད།
ང་ཁྱིམ་ལ་མ་ལོག་གཙང་འགྲམ་གྱི་ཕ་བོང་ལ་ཁེན་ནས།
སྦལ་བའི་རྐྱལ་བ་དང་གཙང་པོའི་ངག་ལ་ཉན།
ཟླ་བ་བོར་ནས་སུས་ཀྱང་མ་རྙེད།
སྒང་གི་རྫི་བོའི་ལག་སྒྲོན་ལས།
ནོར་ཁྱུའང་ལྷས་ལ་མ་ཐོན་པར་རྟོགས།
ཁྱོད་གང་དུ་ཡོད། ངས་ཁྱེད་རང་དྲན།
སོ་གྱང་ལྕགས་རི་ལྟར་བརྩིགས་པའི་ར་སྐོར་ནང་ཁང་རྙིང་
བརྩེགས་གསུམ་མ་དེ་ལུས་དོན་ཅི།
མགྲོན་ཁང་དང་ཚོང་ཁང་གི་སྒོ་ཟྭ་བརྒྱབ་པའི་མཚན་མོ་དེར།
གྲོང་མི་ཚོས་རྨི་ལམ་ལས་ཅི་ཞིག་རྨིས་པར་སུ་ཡིས་ཚོར།
ལམ་འགྲམ་གྱི་གློག་སྡོང་མུན་པས་བསྒྲིབས་ནས།
མཐོ་གློག་གི་སྐུད་པ་ཆད་ནས་ས་རུ་དྲུད།
གློག་འོད་དཀར་དམར་ཁྲ་ལྗང་གི་གྲོང་ཚོ་དེ།
ཨ་མའི་པགས་རྩག་གི་རུམ་ཁོང་དུ་གཉིད་པའི་ཁྱེའུ་ཞིག།
ཁུ་སིམ་མེར་གྱིས་སྐར་འོད་ལ་བསྒུགས་ཡོད་དམ།
ཁྱོད་གང་དུ་ཡོད། ངས་ཁྱེད་རང་དྲན།
དྲོ་འཇམ་མཉེན་གསུམ་གྱི་མགོ་སྔས་ལ་ལྟག་རྒྱབ་བཞག་ནས།
མཚན་ལྗོངས་ཀྱི་རླབས་རིས་ལ་ཅེ་རེར་བལྟས།
ཁོ་ར་ཁོར་ཡུག་ཡོད་དོ་ཅོག་ལ་མུན་ནག་གི་བཟི་དུས།
ཐབ་ཚང་གི་སྒེའུ་ཁུང་ལ་ཐད་ཀ་ནས་རྒྱང་གློག་ཅིག་
ཕོག་པར་མཐོང་།
ཁྱོད་གང་དུ་ཡོད། ངས་ཁྱེད་རང་དྲན།
༼ སྟག་རོང་གླིང་པ། ༽