国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཅེར་བུ།

ཕྱི་གསལ་ནང་གསལ་གྱི་མི་ཞིག་བྱ་འདོད་ན།

རང་ལུས་ཟ་འོག་གིས་སྒྲིབ་གཡོག་མ་གནང་རོགས།

གོས་ཆེན་འབྲུག་རིས་མའི་གྱོན་པ་ངོ་ཚ་

འགེབས་བྱེད་མིན།

རི་དྭགས་དང་གཡུང་དྭགས་སོགས་ཀྱི་

པགས་པ་ཁྲེལ་གཞུང་སྲུང་བྱེད་མིན།

རང་གཞན་ཐམས་ཅད་གཅེར་བུར་དམར་

ཧྲེང་ཧྲེང་བུད་དེ།

ཁ་ཚུར་འཁོར་ནས་རང་ཉིད་ལ་བལྟ་ཡག་གྱིས་དང་།

ང་ཚོ་ནི་གདོད་མ་ནས་གཅེར་བུར་བུད་པའི་

རིགས་རྒྱུད་ཡིན།

ང་ཚོ་ནི་ཁྲེལ་དང་ངོ་ཚ་ཤེས་པའི་སྦྲ་ནག་ནང་གི་

གཅེར་བུར་བུད་པའི་རྗེས་རབས་པ་ཡིན།

ང་ཚོ་འཇིག་རྟེན་འདིར་ཐོག་མར་ཡོང་དུས་ནས།

གཅེར་བུར་བུད་ནས་འོངས་བ་ཡིན་ལ།

མཐའ་མར་ཆས་དུས་ཀྱང་གཅེར་བུར་བུད་ནས་ཆས་འགྲོ།

ཆེ་ཆེ་གྲགས་གྲགས་ཀྱི་ན་བཟའ་དེ་ཚོ་བསླུ་ཁྲིད་

ཀྱི་གཡོ་ཐབས་ཤིག་གོ།

ཁྲ་ཁྲ་རིག་རིག་གི་གྱོན་པ་འདི་དག་རྫུ་བག་གི་

འཇའ་རིས་ཉིད་དོ།།

༼ ཁྱེའུ་ལྷ་སྲས། ༽