国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པར་ཕུལ་བའི་མུ་ཏིག་དོ་ཤལ་བཞུགས་སོ།།

སྲིད་གསུམ་གཡོ་བའི་འདམ་རྫབ་ལས།།

སྐུ་ནི་གཟི་དཔལ་པད་མའི་མདངས།།

འཛུམ་པའི་བྱིན་རླབས་འཕྲོས་པ་ཡིས།།

འཇིག་རྟེན་མ་ལུས་ཞི་བསིལ་མཛད།།

བཅོམ་ལྡན་ལྷ་ཡི་མེ་ཏོག་བསྔགས།།

ཚོགས་གཉིས་བསྲུབས་པའི་རྒྱ་མཚོའི་སྟེང་།།

བྱང་ཆུབ་སེམས་ཀྱི་གོ་ཆ་མནབས།།

དགྲ་རྣམས་མ་ལུས་གཡུལ་ལས་རྒྱལ།།

སྐུ་ནི་གཡོ་མེད་བརྟན་པོར་བཞུགས།།

རྟག་ཏུ་འབད་མེད་ལྷུན་གྲུབ་ཀྱིས།།

འགྲོ་བའི་ཞིང་ལ་ལམ་སྟོན་མཛད།།

མཆོག་གསུམ་སྤྲུལ་པའི་སྐུ་ལ་འདུད།།

མཉམ་མེད་སེམས་ཀྱི་ནོར་བུའི་ཏོག།

འགྲན་མེད་ཟླ་བའི་གཟི་བྱིན་འཕྲོ།།

ས་གཞི་ཆེན་པོའི་འགྲོ་བ་རྣམས།།

ཕན་བདེའི་འོད་སྣང་རྟག་ཏུ་འབར།།

འདྲེན་མཆོག་ཤཱཀྱ་གཙུག་ན་མཆོད།།

སྟོན་མཆོག་ཐུབ་པའི་དབང་པོ་ཡིས།།

བདེན་གཉིས་མཚོན་ཆ་བཟུང་བ་ནས།།

ཤེས་བྱའི་ཆོས་རྣམས་ཚུལ་བཞིན་རྟོགས།།

སྣང་སྟོང་སྒྱུ་མའི་གཟི་བྱིན་ངང་།།

འཛུམ་པའི་འོད་སྣང་མཛད་ལ་བསྟོད།།

མཚོན་བྱེད་མེད་པའི་སྟོན་པ་ལ།།

ངུར་སྨྲིག་རྟགས་ཙམ་འཆང་བ་ཡིས།།

དགེ་སྡིག་བླང་དོར་བྱེད་པ་དང་།།

ཕྱོགས་བཅུའི་མཆོད་པ་གང་འགྲོ་བ།།

མཆོད་ཡོན་ཇི་སྙེད་རྟག་ཏུ་མཆོད།།

བདག་ནི་སྐྱེ་བའི་ཚེ་རབས་ཀུན།།

སྟོན་པའི་མཚན་ཙམ་ཐོས་ན་ཡང་།།

དགའ་དད་སྤྲོ་བའི་བདེ་སྐྱིད་ཀྱིས།།

རྟག་ཏུ་སེམས་ཅན་ཐམས་ཅད་ལ།།

འཛུམ་པའི་མེ་ཏོག་འཐོར་བར་ཤོག།

༼ རེ་སྨྱུག ༽