སྤྱི་ཟླ5པའི་ཚེས3ཉིན་གྱི་ཕྱི་དྲོར། ཧྲན་ཏུང་ནས་ཡོང་བའི་ཡུལ་སྐོར་བ་ལིའུ་ལགས་ཀྱིས་སྤྱི་ཚོགས་འབྲེལ་བའི་སྟེགས་བུ་བརྒྱུད་དེ་བརྙན་ཐུང་ཞིག་དྲྭ་ལམ་དུ་བཏང་ནས། ལྔ་གཅིག་གུང་གསེང་རིང་མོ་དང་མོའི་གྲོགས་མོ་གཉིས་དཀར་མཛེས་ཁུལ་དུ་ཡུལ་སྐོར་དུ་ཡོང་བའི་མྱོང་ཚོར་བརྗོད་དེ་དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་ལ་བསྔགས་བརྗོད་མཐོན་པོ་བྱས་ཡོད། བརྙན་ཐུང་དུ་རང་ཁུལ་གྱི་སྐད་གྲགས་ཆེ་བའི་མཛེས་ལྗོངས་དང་། བློ་བདེ་བའི་ཞབས་ཞུ། དམངས་སྲོལ་བྱེད་སྒོ། ཞབས་ཞུ་འགན་ལེན་བཅས་ཀྱི་རྣམ་པ་བཟང་པོ་བརྗོད་ཡོད། དེ་ནི་ད་ཐེངས“ལྔ་གཅིག”གུང་གསེང་རིང་རང་ཁུལ་གྱིས་ཕྱོགས་སོ་སོ་ནས་འོང་བའི་ཡུལ་སྐོར་བར་མཁོ་འདོན་བྱས་པའི་ནང་དོན་གཙོ་གནད་དེ་ཚོ་རེད།
ད་ལོའི་ལྔ་གཅིག་རིང་ཡུལ་སྐོར་བ་ཡུལ་སྐོར་ལ་སྐྱོད་པའི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཡིན་པའི་དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་ཆེ་གྲས་ཁག་གིས་ཡུལ་སྐོར་བར་སྣེ་ལེན་བྱས་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད།
ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་གཅིག་གུང་གསེང་རིང་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ108.35ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར11.91ལ་ཟིན་པ་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆ153.87དང153.94འཕར་ཡོད་པ་རེད།
ལྕགས་ཟམ་ཁ་དང་། རོང་བྲག་བརྒྱ་རྒྱུད་བོད་གྲོང་། དར་མདོའི་མི་རྒོད་མཚོ། དཔལ་སྨད་གསེག་རི་གླིང་ག། ལི་ཐང་གནའ་གྲོང། འདབ་པའི་ཉི་སྟེན་སོགས་ལྗོངས་ཁུལ་ནི་ཡུལ་སྐོར་བ་འདུ་གནས་བཟང་ཤོས་དེ་ཡིན་ལ། ལྕགས་ཟམ་ཁའི་ལྗོངས་ཁུལ་གྱིས་མི་ཁྲི4.84ལ་སྣེ་ལེན་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ109.37འཕར་ཡོད། བརྒྱ་རྒྱུད་བོད་གྲོང་ལྗོངས་ཁུལ་གྱིས་མི་ཁྲི4.18ལ་སྣེ་ལེན་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ281.40འཕར་ཡོད། མི་རྒོད་མཚོ་ལྗོངས་ཁུལ་གྱིས་མི་ཁྲི3.22ལ་སྣེ་ལེན་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ272.40འཕར་ཡོད། གསེག་རི་གླིང་ག་ལྗོངས་ཁུལ་གྱིས་མི་ཁྲི3.14ལ་སྣེ་ལེན་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ214.67འཕར་ཡོད། ལི་ཐང་གནའ་གྲོང་ལྗོངས་ཁུལ་གྱིས་མི་ཁྲི2.61ལ་སྣེ་ལེན་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ432.09འཕར་ཡོད། འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱིས་མི་ཁྲི2.31ལ་སྣེ་ལེན་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ283.67འཕར་ཡོད། མཛེས་ལྗོངས་ཁུལ་དྲུག་གིས་ཁུལ་ཡོངས་ཀྱིAརིམ་པའི་ལྗོངས་ཁུལ་སྣེ་ལེན་བསྡོམས་འབོར་གྱི་བརྒྱ་ཆ51.41བཟུང་ཡོད།
གུང་གསེང་རིང་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཁག་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ཆུ་ཚོད24རིང་ལས་རེས་ལྟ་སྲུང་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་ཁུལ་དང་རྫོང(གྲོང་ཁྱེར)གི་སྤྱི་བདེ་དང་། རིག་གནས་འགྲིམ་འགྲུལ། གཞུང་ལམ་སོགས་སྡེ་ཚན་གྱི་ལས་དོན་མི་སྣས་ཉིན་ལྟར་རྒྱལ་ལམ317དང318པ། ཞིང་ཆེན་ལམ434དང201སོགས་ལྗོངས་ཁུལ་གྱི་ལམ་ཆེན་རྒྱུད་དུ་བསྐྱོད་དེ་བློ་འདྲིའི་ཞབས་ཞུ་དང་། འགྲིམ་འགྲུལ། ཁྲོམ་རའི་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་ཞིང་། གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་ཚོད་འཛིན་དང་ལྗོངས་ཁུལ་གྱི་ཡུལ་སྐོར་བ་ཁག་བགོས་པ་དང་། འཚུབ་བསྟུན་ཐག་གཅོད་དུས་ཐོག་བཅས་ཀྱི་འགན་ལེན་བྱས་ཡོད་པ་རེད།
ཁུལ་ལ་ཡོངས་སུ་འཚུབ་བསྟུན་ཉེན་སེལ་ས་ཚུགས59བཙུགས་པ་དང་། འཚུབ་བསྟུན་ཉེན་སེལ་དཔུང་ཁག19བཙུགས། འཚུབ་བསྟུན་ཉེན་སེལ་མི་སྣ740དང་འཕྲུལ་ཆས་སྒྲིག་ཆས204བསྡུས་ཤིང་། གཙོ་གནད་ཡུལ་སྐོར་ལམ་ཐིག་དང་ལྗོངས་ཁུལ་དུ་གནས་སྐབས་འཚུབ་བསྟུན་འཁོར་ལྷས42བཀོད་སྒྲིག་བྱས། དམངས་ཕན་ཞབས་ཞུའི་ས་ཚུགས23བཙུགས། དུས་ཆེན་དང་ངལ་གསོའི་ཉིན་མོའི་དམངས་ཕན་ཞབས་ཞུའི་ས་ཚུགས28བཙུགས། དེ་བཞིན་རིན་མེད་ངང་ཆུ་ཁོལ་དང་བློ་འདྲི། རོགས་སྐྱོབ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།།
( ཨོ་རྒྱན་གྱིས་བསྒྱུར།)