དབུས་ཀྱི་ཡར་ལུང་གཙང་པོ།
ཡབ་མེས་ཚོའི་དཀའ་སྡུག་གི་མིག་ཆུ་ཁུར་ནས་
གང་སར་བཞུར།
ང་ཚོའི་ཕ་མ། ང་ཚོའི་ཕ་མའི་ཕ་མ་དག་གི་ཁ་ཞག་དེ་དག།
བཙན་པའི་གངས་རི་འདིའི་འགྲམ་རྒྱུད་དུ་ལུས་ཡོད།
གནམ་ས་དང་གནམ་ས་འདྲེས་པའི་
རྨི་ལམ་དང་ཕུགས་བསམ་བརྩལ་ས།
ཕ་མ་ཚོའི་མི་ཚེ་ཡི་འདས་དོན་གླེང་སའི་རྒྱང་རིང་
གི་ཕ་ས་གངས་རི།
ཁྱོད་ཀྱི་འགྲམ་རྒྱུད་ནས་ངས་དེ་རིང་ཕ་མ་ཚོར་བཀའ་དྲིན་
ཞུ་ན་འདོད།
ཕ་མས་དཀའ་སྡུག་གི་རྔུལ་ནག་ཐོད་ནས་བཞུར་ཡང་།
མདུན་བསྐྱོད་ལ་མཚམས་འཇོག་མེད་པར་
དཀའ་སྡུག་འདི་དག་མྱོང་དགོས་པ་ཡང་བུ་ཕྲུག་གི་ཆེད་དུ།
གོམ་འགྲོས་ཤིག་ཏུ་བརྩིས་འདུག།
ཨ་ཕ། ཨ་མ། ཁྱེད་གཉིས་ཀྱི།
གཟུགས་གཞིའི་དྲང་ཚིགས་ལ་རང་ཚུགས་མེད་པར།
འཁྱོག་པོར་སྒུར་དོན་ནི།
བུ་དང་བུ་མོ་དག་གི། ཁ་ཟས་ཀྱི་ཆེད། མ་འོངས་པའི་ཆེད།
ཕུགས་བསམ་གྱི་ཆེད་དུ་ཡིན་པ་གསལ་ཐག་ཆོད་པོ་ཞིག་རེད།
ཨ་ཕ་ཨ་མ་བཀའ་དྲི་ཆེ། ཁྱེད་གཉིས་ཀྱི་བཀའ་དྲིན་ནི་
ང་ཚོས་འཇལ་ཐུབ་པ་ཞིག་མིན་ཡང་།
ངས་དེ་རིང་ཕ་མའི་དུས་ཆེན་ལ་འབྲེལ་ནས།
བཀའ་དྲིན་ཞུ་ཡིག་འདི་བྲིས་པ་ཡིན།
བཀའ་དྲིན་ཆེ། བཀའ་དྲིན་ཆེ།
༼ འཆིང་གྲོལ།༽