ཟང་ཟིང་གྲོང་གི་བྱ་མང་བསྐྱུར་ནས།
བག་ལྷོད་ཀྱི་ཁོམ་གསེང་རྙེད་དུས།
ངས་རྟག་པར་གདུགས་མོ་སྐྱིད་ཀྱི་
མཛའ་གཞས་ལ་ཉན།
སྙན་འཇེབས་མཛའ་གཞས་ལ་འཁྲེང་བའི།
དུང་བརྩེའི་ལྷོག་ལྷོག་གི་ཆུ་མོ།
སེམས་ཀྱི་ཟབ་ས་རུ་མཚམས་མེད་དུ་འཕྱུར།
གདོད་ནས་སངས་པའི་གླུ་སྐད་ཀྱི་
ཉིང་བཅུད།
ཕྲ་ཞིང་མཉེན་པ་དྭངས་གཙང་གི་ཆུ་མིག།
འདེགས་འཇོག་རན་པ་བསིལ་རླུང་གི་
ལྡེམ་རྐྱོང་།
ཚིག་གི་སྒྲ་རིས་གསལ་བ་མངོན་སུམ་གྱི་
ལྷ་མོ།
བརྩེ་དུང་ལ་འཁྲིལ་བའི་མཛའ་གཞས་
ཀྱི་རི་མོ།
རླབས་རྩེར་སྐྱོམ་པའི་མུ་ཏིག་གི་ཕྲ་རྒྱན།
སྐྱོ་བ་ལ་བསྒྲེས་པའི་འགྱུར་ཁུགས་
ཀྱི་རུ་དར།
རི་གསུམ་གྱི་ཡང་རྩེར་ལྷབ་ལྷུབ་ཏུ་སྐྱོམ།
ཡིད་དབང་རབ་ཏུ་བཀུག་པས།
དོན་ལྔའི་བྱང་ཁོག་གི་སྟེང་འོག་བརྗེ་འགྲོ།
རང་སེམས་བཙོན་ནས་གྲོལ་པས།
ཚོར་བའི་ཕྲ་ཕུང་ལས་བདེ་སྡུག་གི་
ཐ་སྙད་འགྲིལ་ཡོང་།
གླུ་སྐད་དྭངས་དྲགས་པས།
བརྩེ་བའི་མཚོ་གཏིང་གི་རྡེའུ་ལེབ་
མོ་མཐོང་།
གླུ་སྐད་སྙན་དྲགས་པས།
སྐྱོ་བའི་མཆི་མ་ལས་མུ་ཏིག་གི་རྡོག་
པ་འཐོར།
སྙན་འཇེབས་ཀྱི་གདངས་འགྲོས་རེ་རེ།
ཟག་བཅས་ཀྱི་ཕུང་པོའི་རྩ་ལམ་དུ་
ཁྱབ་དུས།
རྨི་ལམ་གྱི་གཤོག་འགྱུ་སྔ་མོ་ནས་བར་
སྣང་དུ་རྩེན།
དམ་ལྷོད་ཀྱི་འདེགས་འཇོག་རེ་རེ།
སྒྲ་འཛིན་གུར་གྱི་ལྡིང་ཁང་དུ་འཛུལ་དུས།
དྲན་འཕྲུལ་གྱི་སྣང་བ་སྔ་མོ་ནས་ར་
བཟི་བར་གྱུར།
༼ སྟག་རིག་འབྲུག་ཐར། ༽