ཡང་ན་དྲན་ཤིང་གི་རྨི་ལམ་གྱི།
འཁོར་བའི་ལས་འཕྲོ་མཐའ་དག
མ་ངེས་པའི་གཏན་ཚིགས་ཀྱི་ར་བར་བཅུག་ཀྱང་།
ལན་གཅིག་ཡིན་ན་ཆོག་པའི་ཁྱེད་རང་ལགས།
སྐྱོ་གདུང་ནི་སྲིད་པའི་རྩེ་རུ་གནས་ཤིང་།
ངང་སྒུག་ནི་སེམས་ཀྱི་ཟབ་སར་གསལ།
སྐྱེ་བ་སྟོང་གི་ཁ་ཆད་ཀྱི་སོར་རྩེ།
ཁྱེད་ཀྱི་སྐྲ་འདབས་སུ་ཐེངས་གཅིག་གླན་པར།
ཞེན་ཆགས་ཀྱི་རུ་མ་མི་འགྱུར་རྡོ་ལ་བརྐོས།
སྨྲ་སྒོ་ཐ་སྙད་ཀྱི་འཚངས་ཁས་བཅད་ཀྱང་།
ཕྱི་ནང་གསལ་བའི་རྣམ་འགྱུར་གྱི་དྲན་པ།
ལོ་ཟླས་མཚོན་དུ་མེད་ཅིང་ཚིག་གིས་ཚབ་ཏུ་མེད།
དྲི་མེད་ཀྱི་དྲན་པ་འཚོལ་བའི་རྨི་ལམ་ལགས།
དབྱངས་ཀྱི་སྣེ་མོ་ནས་ཟིན་ཐབས་མེད་པ།
ལག་པའི་འདེགས་འཇོག་མ་རེད་རྒྱབ་གཟུགས་རེད།
པར་གྱི་གྲུ་ཟུར་ནས་སྟོན་ཐབས་མེད་པ།
ཆུ་ཡི་ཐིགས་པ་མ་རེད་དུངས་པ་རེད།
རྫོགས་མཐའ་མེད་པའི་བཞུད་ལམ་གྱི་སུམ་མདོར།
སེམས་པ་འཁུར་བའི་བྱ་ཁྱུ་འདྲོགས་སྟངས་འདི།
གསོལ་འདེབས་ཀྱི་ཚིག་འབྲུ་གངས་རིའི་རྩེ་ལ་བསྒྲོན་ནས།
དམ་ཚིག་གི་རི་མོ་གཙང་པོའི་དྭངས་ཤར་བརྒྱུས་པས།
སྔར་མེད་ཀྱི་ཡིད་ཆེས་བདག་ལ་བསྩལ་རོགས་ཞུ།
༼ མདའ་ཅང་ཤེས།༽