国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངག་དབང་དབྱངས་ཅན་ལྷ་མོ།

འདབ་སྟོང་ཆུ་སྐྱེས་པདྨའི་གདན་ཐོག་ནས། །

ཕྲིན་ལས་གཤོག་ཟུང་དཀར་པོ་རྐྱོང་དང་ལྷན། །

ངག་རིག་མགྲིན་གླུ་ལེན་པའི་ཡིད་འཕྲོག་མ། །

ངག་དབང་དབྱངས་ཅན་ལྷ་མོ་ད་ཚུར་ཕེབས། །

ཐུགས་བསྐྱེད་ཟླ་བ་གཞོན་ནུའི་འོད་དཀར་གྱིས། །

གཉུག་གཤིས་སེམས་ཀྱི་པདྨ་འཛུམ་པའི་རླབས། །

སྙན་ངག་ཆུ་ཀླུང་འཚོལ་བའི་རྒྱལ་ཁམས་པས། །

སྡེབ་ལེགས་ངག་གི་རོལ་མོའི་དངོས་གྲུབ་སྩོལ། །

དགེ་ལེགས་མེ་ཏོག་ཚོགས་ཀྱིས་རབ་མཛེས་ཤིང་། །

ཕྲིན་ལས་སོར་གདུབ་འགུལ་བའི་སྒྲ་དབྱངས་མ། །

དད་གསུམ་ཀུན་ད་བཞད་པའི་ཆ་ཤས་ལ། །

རྨད་བྱུང་བྱིན་རླབས་སྣང་བ་ད་སྩོལ་ཅིག །

རང་བྱུང་ཟླ་བ་འཛུམ་པའི་ལང་ཚོ་ཅན། །

ངག་རིག་བསིལ་བ་འཇོ་བའི་ན་ཆུང་མས། །

སྲིད་ཞིའི་ཕན་བདེའི་དངོས་རྣམས་མ་ལུས་པ། །

སྒྲོག་མཛད་ངག་གི་དབང་མོས་བདག་ཡིད་སྐྱོངས། །

དར་ཤམ་སྤྲིན་དཀར་གཡོ་བའི་ཡིད་འཕྲོག་མས། །

ཆོས་དབྱིངས་ནམ་མཁའི་ཀློང་ནས་ཕྱིར་ལ་གཟིགས། །

ཚངས་སྲས་གནམ་སྔོན་གཞུང་གི་ཟླ་གཞོན་བཞིན། །

བདག་མགྲིན་མེ་ཏོག་ཚལ་ལ་ཐེངས་གཅིག་ཕེབས། །

ལྷུན་ཆགས་ཟླ་ཞུན་དཀར་པོའི་རང་མདངས་ཅན། །

ལང་ཚོ་གངས་རིའི་རང་བཞིན་དབྱངས་ཅན་མ། །

དད་སེམས་གཙང་བོའི་རླབས་རིས་མ་ཉམས་པའི། །

བདག་ཡིད་པདྨའི་ཚལ་དུ་བཞུགས་ཤིག་ཀྱེ། །

རྒྱལ་ཀུན་གཅིག་འདུས་མཁའ་འགྲོ་འབུམ་གྱི་སྲས། །

སྙིང་རྗེའི་རང་གཟུགས་ན་ཆུང་ཚངས་སྲས་མའི། །

རྨད་བྱུང་གཞོན་ནུའི་སྐུ་ཡི་ཆ་ཤས་ཀྱིས། །

བདག་ཡིད་རབ་ཏུ་འཕྲོག་པ་ཐེངས་གཅིག་མིན། །

ངག་རིག་བྱིན་རླབས་གཙང་པོའི་གཞུང་དང་འདྲེས། །

དབྱངས་ཀྱི་སྲིད་ཞི་འགུག་པའི་ཚངས་སྲས་མར། །

དད་པའི་སྤུ་ལོང་གཡོ་བའི་དུང་ཞེན་གྱིས། །

སྙན་ཚིག་དྲི་བསུང་འཚོལ་ལ་ཧ་ཅང་བྲེལ། །

སྙིང་རྗེའི་ཟླ་གཞོན་འཛུམ་པའི་ལྡིང་ཁང་ནས། །

ཚིག་རྒྱན་མེ་ཏོག་ཟེགས་མ་འཐོར་གྱུར་ན། །

དགའ་འཛུམ་ངག་རིག་ཚོགས་ཀྱི་མེ་ཏོག་དག །

དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་སུ་མཆོད། །

རབ་དམར་མཁུར་ཚོས་ཉི་གཞོན་འཆར་ཁའི་འོད། །

ལེགས་མཛེས་བཅོ་ལྔའི་ཟླ་བཞིན་ཡིད་འཕྲོག་མར། །

སྙན་ཚིག་དབྱངས་ཀྱི་རོལ་མོ་མཆོད་བགྱིས་ན། །

ངག་རིག་མེ་ཏོག་འཛུམ་པའི་ཤེས་པར་སྩོལ། །

༼ དུང་ཞེན། ༽