国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་རྫོང་རིམ་པའི་གྲུབ་འབྲས་འགྲེམས་ ཁང་ཐོག་མ་སེར་ཤུལ་དུ་བསྐྲུན།

ཉེ་ཆར། སེར་ཤུལ་རྫོང་གིས་རིག་གནས་ཐང་ཆེན་དུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་སེར་ཤུལ་རྫོང་གྲུབ་འབྲས་འགྲེམས་ཁང་གི་སྒོ་ཕྱེ་བའི་མཛད་སྒོའི་ནང་ཞུགས་པ་རེད། དེ་ནི་དུས་ཡུན་ལོ་གཅིག་ཙམ་ལ་བསྐྲུན་པའི་དཀར་མཛེས་ཁུལ་གྱི་རྫོང་རིམ་པའི་གྲུབ་འབྲས་འགྲེམས་ཁང་ཐོག་མ་དེ་དངོས་སུ་བསྐྲུན་ཚར་བ་རེད། སེར་ཤུལ་རྫོང་གི་གྲུབ་འབྲས་འགྲེམས་ཁང་དེ2022ལོའི་ཟླ་བ6པར་བསྐྲུན་འགོ་བརྩམས་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྒོར་ཁྲི450བཏང་སྟེ། རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་དེ་རྫོང་རིག་གནས་ཐང་ཆེན་སྟེང་བསང་གི་མ་ཎིའི་དཔེ་དབྱིབས་སྤྱད་དེ་ནང་ཁུལ་དུ་སྨི་གྲུ་བཞི་མ600ཙམ་གྱི་བར་མཐོངས་བསྐྲུན་པ་དང་། འགྲེམས་ཁང་ཇུས་འགོད་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ། དཔྱད་ཡིག་རྩོམ་སྒྲིག། ཇུས་འགོད་འགྲེམས་སྟོན་བཅས་བསྐྲུན་ཡོད། གྲབས་འཛུགས་བྱེད་པའི་བརྒྱུད་རིམ་དུ་སྔ་རྗེས་སུ་བཟོ་བཅོས་ཐེངས24བརྒྱབ་པ་དང་། འགྲེམས་སྟོན་གྱི་ནང་དོན་ཡང་དག་ཅིང་དོན་དངོས་དང་མཐུན་པ་བཅས་བྱས་པ་རེད།

སེར་ཤུལ་རྫོང་གི་གྲུབ་འབྲས་འགྲེམས་ཁང་བསྐྲུན་པ་དེ་རྫོང་བཙུགས་ཚུན་ཀྲུང་གོ་གུང་ཁྲན་ཏང་གིས་སེར་ཤུལ་རྫོང་གི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་བསྒྱུར་བཅོས། འཛུགས་སྐྲུན་བཅས་ཀྱི་དུས་སྐབས་ཁག་ལས་ཐོབ་པའི་ལག་ལེན་གྱི་གྲུབ་འབྲས་རླབས་པོ་ཆེ་ཞིག་ཡིན་པ་དང་། དེས་སེར་ཤུལ་རྫོང་གི་བྱ་གཞག་ཁག་གི་མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་འཆམ་མཐུན་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྔར་བས་འཕེལ་རྒྱས་དང་དར་རྒྱས་ཡོང་བ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་མགྱོགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅང་རྒྱུས་གཙོ་དོན་བྱས་ཏེ། གྲུབ་འབྲས་འགྲེམས་སྟོན་དང་རིག་གནས་རྒྱུན་འཛིན། སེམས་ཤུགས་འགྲིལ་བ། མ་འོངས་འབད་འབུངས་བཅས་དམིགས་ཡུལ་དུ་བརྩིས་ཤིང་། པར་རིས་འགྲེམས་སྟོན་དང་དངོས་རྫས་འགྲེམས་སྟོན། དཔྱད་ཡིག་ངོ་སྤྲོད། འགུལ་རྣམ་འགྲེམས་སྟོན་སོགས་ཀྱི་གཙོ་དོན་བྱེད་པའི་འགྲེམས་སྟོན་ཚོམས་ཁང་བརྒྱད་ཀྱིས་ཚང་མར་སེར་ཤུལ་རྫོང་གི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ལོ་རྒྱུས་རིག་གནས། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་མཛེས་སྡུག། དམངས་འཚོ་ཕྱུག་འགྱུར་སོགས་ཕྱོགས་གང་ཅིའི་ཐད་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་གྲུབ་འབྲས་གལ་ཆེན་གཅིག་སྡུད་ཐོག་མཚོན་ཡོད།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སེར་ཤུལ་རྫོང་ཨུའི་ཧྲུའུ་ཅི་ལུའོ་ལིན་གྱིས་གྲུབ་འབྲས་འགྲེམས་ཁང་གིས་ཚང་མར་ཏང་གི་ལས་བྱེད་པའི་བསམ་བློ་རིག་གནས་ཀྱི་ལོ་རྒྱུས་ཤིག་མངོན་པ་ཡིན་ལ། སེར་ཤུལ་རྫོང་གི་མི་རིགས་ཁག་བར་མཐུན་སྒྲིལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤིག་ཀྱང་མངོན་པར་བྱས་ཡོད། དེས་ང་ཚོའི་ཕུགས་བསམ་དང་དད་སེམས་བརྟན་པོའི་བསམ་བློ་མཚོན་ཡོད་ལ། དུས་ཡུན་རིང་པོའི་འཕེལ་རིམ་ཁྲོད་ཀྱི་བསམ་པའི་ཉམས་འགྱུར་དང་སྤྲོ་སེམས་འཕེལ་བའི་བརྩེ་བའང་མཚོན་པར་བྱས་ཏེ། བྱང་སྡེ་ཉི་མ་རྫ་ཆུ་ཁའི་དུས་རབས་ཀྱི་འཕོ་འགྱུར་ཁྲོད་འབད་འབུངས་ཡར་བརྩོན་གྱི་སྲོལ་རྒྱུན་བཟང་པོ་བདེན་དཔང་བྱས་ཡོད་ཅེས་བཤད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)