སྡེ་དགེ་རྫོང་གི་ཟླ་ཐང་མའི་དབྱར་རྩྭ་དགུན་འབུ་རྐོ་སའི་ས་བབ་མཐོ་ཚད་སྨི4700ལས་བརྒལ་བ་དང་སྤྱི་ཟླ་ལྔ་པའི་ཟླ་དཀྱིལ་དུ་སླེབས་ན་ཡང་གྲང་ངར་ཤིན་ཏུ་ཆེ། ཟླ་ཐང་མའི་དབྱར་རྩྭ་དགུན་འབུའི་རྐོ་བའི་ས་ཁོངས་ནང་ས་ཚུགས8ཡོད་པ་དང་དེའི་ནང་གི་ས་ཚུགས་གཅིག་ཟླ་ཆུས་གཉིས་སུ་བཅད་ནས་མང་ཚོགས་ཆུ་བོ་བརྒལ་བར་དཀའ་ངལ་ཆེན་པོ་ཡོད།
སྤྱི་ཟླ5པའི་ཚེས16ཉིན་གྱི་ཞོགས་པར། དབོན་ཐོག་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀརྨ་དབང་འཕེལ་གྱིས་སྣེ་ཁྲིད་འོག་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུ་རྐོ་བར་སྟབས་བདེ་ཡོང་ཆེད། དབོན་ཐོག་གྲོང་རྡལ་མི་དམངས་སྲིད་གཞུང་གིས་དམངས་ཕན་ཟམ་པ་ཞིག་བསྐྲུན་རྒྱུའི་ཐག་བཅད། རླངས་འཁོར་ནང་དུ་ངར་ལྕགས་རྒྱུ་ཆ་དང་། གློག་འདོན་འཕྲུལ་འཁོར། གློག་གི་ཚ་ལ་རྒྱག་ཆས། ཤིང་ལེབ་དང་ལྕགས་གཟེར་སོགས་ཁྱེར་ནས་ཉམ་མོང་མདོ་ནས་སྤྱི་ལེ15བསྐྱོད་རྗེས་ཟམ་སྐྲུན་ཨར་ལས་བྱ་ཡུལ་དུ་སླེབས།
ཚང་མས་ལས་ཀ་བགོས་པ་སྟེ་ཁག་གཅིག་གིས་རྒྱུ་ཆ་ཕབ་པ་དང་། ཁག་གཅིག་གིས་ཚ་ལ་རྒྱག་མཁན་ལ་རོགས་བྱས་ཤིང་། ཡུལ་དངོས་སུ་ཡུལ་ཤོག་དང་གྲོང་རྡལ་གྱི་ལས་བཟོ་པ་དང་མི་དམངས་ཉེན་རྟོག་པ། དབོན་ཐོག་གྲོང་ཚོ་ཨུ་ལྷན་གྱི་ལས་བྱེད་པ་དང་དེ་བཞིན་ཁོམ་པ་ཡོད་པའི་མང་ཚོགས་རྣམས་ཟམ་པ་སྐྲུན་པའི་ལས་ལ་བྲེལ།
ཆུ་ཚོད4ཙམ་རིང་ཛ་དྲག་ངང་ལས་ཀར་བྲེལ་བར་བརྒྱུད་རིང་ཚད་སྨི10ལྷག་ཡོད་པའི་ལྕགས་ཟམ་ཞིག་བསྐྲུན་པ་དང་། མང་ཚོགས་བདེ་བླག་ངང་ཟླ་ཆུ་བརྒལ་ཐུབ་པ་བྱུང་སྟེ། འབྲོག་པ་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་རེད།
བཅའ་སྡོད་མི་དམངས་ཉེན་རྟོག་པ་ལུའོ་ཧའོ་ཡིས་དེ་ནི་དབོན་ཐོག་གྲོང་རྡལ་དབོན་ཐོག་གྲོང་ཚོའི་འབྲོག་པས་དབྱར་རྩྭ་དགུན་འབུ་རྐོ་བའི་གནས་སྐབས་འདུས་སྡོད་ཁུལ་ཞིག་ཡིན་པ་དང་། ཆུ་བོའི་ངོགས་གཉིས་ནི་ཁོ་ཚོས་དབྱར་རྩྭ་དགུན་འབུ་རྐོ་བའི་འབུ་ས་ཆེ་ཤོས་དེ་ཡིན་པ་དང་། ཁྱོན་དུད་ཚང56གི་འབྲོག་པ200ལྷག་ཡོད།སྟབས་བདེའི་ལྕགས་ཟམ་བསྐྲུན་ནས་ཤར་བགྲོད་ཐུབ་པ་དེས་འབྲོག་པ་མང་ཚོགས་ལ་འགྲོ་སྐྱོད་དཀའ་བ་དང་ཆུ་ལས་བརྒལ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ནས་མང་ཚོགས་ཀྱིས་ལོ་མང་རེ་སྒུག་བྱེད་པའི་ཕུགས་འདུན་ཡང་འགྲུབ་པ་རེད་ཅེས་བཤད།།( ལས་ཞོར་གསར་འགོད་པ་འཇམ་དབྱངས་དབང་མོས་བྲིས་ཤིང་པར་བླངས།)