ཁྱེད་རང་ཕེབས་པའི་གཏམ་ངན་ཐོས་ཙ་ན།།
ག་རེ་བྱེད་དགོས་ཚོད་ཀྱིས་མི་ཐིག་ལ།།
སྐྱིད་དང་སྡུག་གི་འཁོར་བའི་འབབ་ཚུགས་ནས།།
འདི་ཕྱི་གཉིས་ཀྱི་ས་མཚམས་མི་རྙེད་མོད།།
མགྲིན་པའི་བུ་གར་འཚང་བའི་ཡིག་འབྲུ་དག།
ག་ལེར་ཁྱེད་ཀྱི་ཆེད་དུ་འགུལ་རྒྱུ་འདུག།།
གློ་བུར་ཕེབས་པའི་ན་ཟུག་བཟོད་དུ་མེད།།
མཆི་མའི་གཙང་པོ་བྲུག་ནས་སེམས་པ་བརླན།།
སེམས་པ་བརླན་ཡང་འཕྲད་ཐབས་མེད་པ་ཡི།།
དྲན་པའི་རྟ་ཕོ་ཁྱོད་ཀྱི་ཕྱོགས་སུ་རྒྱུག།
ཁྱེད་རང་ཕེབས་པའི་རྗེས་ཀྱི་སྐད་ཅིག་ལ།།
ཕྱི་རོལ་རླུང་བུས་སྐྱོ་བའི་སྐད་ཆ་ལབ།།
ཡིག་དྲུག་ངག་ལ་འདྲེན་པའི་སྐབས་སུ་ཡང་།།
སྨྲེང་བའི་སེམས་ལ་སྐྱོ་བའི་ན་བུན་འཁོར།།
ཚེ་ཐོག་འདི་ནས་དངོས་སུ་མ་ཕྲད་མོད།།
རྒྱང་ལ་ཕེབས་རྗེས་ཡིད་ལ་ཡང་ཡང་འཁོར།།
བརྩམས་སྒྲུང་དག་ཀྱང་ཝ་ལེར་ཝ་ལེར་དྲན།།
གློག་བརྙན་དག་ཀྱང་ཁེར་རྐྱང་ཨེ་ཡིན་སྙམ།།
འབྲི་འཕྲོར་ལུས་པའི་ཡིག་འབྲུ་དེ་དག་ཀྱང་།།
ཕ་མ་མེད་པའི་དྭ་ཕྲུག་ལྟ་བུར་གྱུར།།
ད་ནི་ཅི་བྱས་ཆ་འཇོག་མེད་པའི་ཕྱིར།།
མ་ཎི་ཚར་གཅིག་བགྲང་བའི་བྱིན་རླབས་ཀྱིས།།
རྒྱུས་མེད་བར་དོ་འགྲིམ་པའི་སྐད་ཅིག་ལ།།
སྐྲག་སྣང་འཇིགས་སྣང་མེད་པའི་སྨོན་ལམ་འདེབས།
༼ མྱུག་ཆར། ༽