ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དོན་གཙོ་བོ་སྐད་བརྡ་རིག་པ་དང་སྤྱི་ཚོགས་རིག་པ། ཡུལ་དངོས་རྟོག་ཞིབ་སོགས་ཀྱི་རྣམ་པའི་སྒོ་ནས་ཁམས་པ་ས་ཆའི་གནས་ཡུལ་དང་། དེ་དང་འབྲེལ་ནས་ཁམས་སྐད་ཀྱི་གནས་བབ། ད་དུང་རང་གི་ཕ་ཡུལ་ཁྱད་ཆོས་ལྡན་པའི་ཡུལ་སྐད་ཀྱི་སྒྲ་རྣམ་དབྱེ་དང་ཚིག་ཕྲད་འགའི་སྦྱོར་ཚུལ་གྱི་ཁྱད་ཆོས། མིང་ངམ་ཐ་སྙད་ཀྱི་ཁྱད་ཆོས་གླེང་བ་བྱ།
བརྡ་ཆད་གཙོ་བོ། ཁམས་སྐད། རྣམ་དབྱེ། ཐ་སྙད།
གླེང་གཞི།
དེ་ཡང་འབྱུང་ལྔ་འཁོར་ལོའི་འགུལ་བསྐྱོད་ཀྱི་ཁྲོད་དུ་གནས་མཆོག་བོད་གངས་ཅན་འདི་རིམ་གྱིས་བྱུང་ལ། དེ་ནས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ལས་གདོང་དམར་བོད་ཀྱི་མི་འདི་རིམ་གྱིས་འཕེལ། དུས་ཀྱི་འཁོར་ལོ་ནི་དར་མེད་དུ་འཁོར་བའི་དུས་རིམ་གྱི་ཁྲོད་དུ་རིམ་གྱིས་སྲིད་དབང་བྱུང་ལ། བོད་ཀྱི་ཡུལ་གྲུ་སོ་སོ་ཡང་གཅིག་གྱུར་ནང་མཉམ་དུ་སྐྱིད་པའི་འཚོ་བ་རོལ་བཞིན་ཡོད། དེ་ནས་རིམ་གྱིས་དུས་ཚོད་ཀྱི་འགྱུར་བ་དང་གནམ་གཤིས་ཀྱི་འགྱུར་བ། དུམ་ལེབ་ཀྱི་འགུལ་བསྐྱོད་སོགས་ཀྱིས་སོ་སོ་འབྲེལ་མེད་ངང་འཚོ་བ་རོལ་བའི་དུས་ཤིག་བྱུང་། ལྷག་པར་དུ་ལོ་རྒྱུས་ཀྱི་དོན་རྐྱེན་དང་ས་དབྱིབས་སོགས་ཀྱི་དབང་གིས་ཕན་ཚུན་འབྲེལ་འདྲིས་མེད་པར་རང་རང་སོ་སོ་ནས་འཚོ་བ་རོལ་བས་སྐད་བརྡ་བར་ལ་ཁྱད་པར་བྱུང་བ་རེད། ས་ཆ་ཁ་ཤས་ཤིག་མི་རིགས་གཞན་དང་རྒྱལ་ཁབ་གཞན་དང་འབྲེལ་འདྲིས་ཆེ་བས་སྐད་ཆ་རིམ་བཞིན་འཕེལ་རྒྱས་བྱུང་། ཆ་ཤས་ཤིག་རི་མེད་ལུང་སྟོང་དུ་གནས་པ་དང་འགྲིམ་འགྲུལ་སྟབས་མི་བདེ་རྐྱེན་ལས་སྔོན་གྱི་སྐད་བརྡ་བརྒྱུད་འཛིན་ཡོད། དེའི་རྐྱེན་གྱིས་བོད་ཀྱི་སྐད་འདི་ལ་རིགས་གཉིས་སམ་གསུམ། བཞི། ལྔ་སོགས་དབྱེ་ཚུལ་མི་འདྲ་བ་དུ་མ་ཡོད། རྒྱལ་ནང་དུ་བོད་ཀྱི་སྐད་ལ་ཡུལ་སྐད་རིགས་ཆེན་པོ་གསུམ་སྟེ། དབུས་གཙང་གི་ཡུལ་སྐད་དང་ཨ་མདོའི་ཡུལ་སྐད། ཁམས་ཀྱི་ཡུལ་སྐད་སོགས་ཡོད། དེའི་ནང་ཁམས་ཀྱི་ཡུལ་སྐད་ལ་བྱང་རྒྱུད་ཀྱི་ལུང་སྐད་དང་ལྷོ་རྒྱུད་ཀྱི་ལུང་སྐད། འབྲོག་པའི་སྐད་སོགས་ནང་གསེས་གསུམ་ཡོད། སྡེ་རོང་སྐད་ནི་ཁམས་ཀྱི་ཡུལ་སྐད་ཀྱི་ལྷོ་རྒྱུད་ལུང་སྐད་དུ་གཏོགས་པ་རེད། སྤྱིར་འབའ་ཐང་སྐད་ནི་སྐད་བརྡ་རིག་པའི་ཞིབ་འཇུག་མཁན་རྣམས་ཀྱིས་ཚབ་བྱེད་ཀྱི་སྐད་དུ་འཇོག་གིན་ཡོད་ལ། སྐད་ཆ་ནི་འགྱུར་བའི་ཆོས་སུ་གྲུབ་ཕྱིར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བརྡ་སྤྲོད་ཚུལ་དང་ཐ་སྙད། སྐད་གདངས་བཅས་ལའང་འགྱུར་བ་བྱུང་བ་སྨྲ་མི་དགོས། ཡིན་ཡང་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་ལ་མཚོན་ན། ཐ་སྙད་ཀྱི་གྲུབ་ཚུལ་དང་བརྡ་སྤྲོད་ཀྱི་སྦྱོར་ཚུལ་ལ་ཕལ་ཆེར་འདྲ་བ་རེད། གཙོ་བོ་སྐད་ཀྱི་སྒྲ་གདངས་ཀྱི་ཀློག་ཚུལ་ལ་ཁྱད་པར་ཅུང་ཡོད་པ་རེད། འོན་ཀྱང་སྡེ་རོང་སྐད་ནི་གངས་ཅན་བོད་ཀྱི་ཡུལ་སྐད་གཞན་དང་བསྡུར་ན། ཁམས་སྐད་ལ་སྒྲ་གདངས་དང་བརྡ་སྤྲོད། ཐ་སྙད་སོགས་གང་ཅིའི་ཐད་ལ་རང་གི་ཁྱད་ཆོས་འབུར་དུ་ལྡན་ཡོད།
དང་པོ། གནས་ཡུལ་ངོ་སྤྲོད་དང་ཁམས་སྐད་ཀྱི་གནས་བབ་གླེང་བ།
ཁམས་ཀྱི་ཡུལ་སྐད་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ས་ཁུལ་དང་མངའ་རིས་ཀྱི་སྒོར་རྩེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་མང་ཆེ་བ། མཚོ་སྔོན་ཞིང་ཆེན་ཀྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཡི་ཅོ་ནེ་དང་ཐེ་བོ། འབྲུག་ཆུ་རྫོང་། ཡུན་ནན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཅས་ལ་ཁྱབ་པ་ནི་ཀུན་གསལ་ཡིན། དེ་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བོད་སྐད་ལ་འགྱུར་བ་བྱུང་བ་དང་། ཁམས་ཀྱི་ས་ཆ་ཡངས་ཤིང་རྒྱ་ཆེ་བ་དང་མི་གྲངས་ཉུང་བ། འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཕན་ཚུན་བར་འབྲེལ་འདྲིས་ཉུང་བ་སོགས་ཀྱི་ཕྱི་རྐྱེན་དང་ནང་འཁྲུག་སོགས་ཀྱི་ནང་རྐྱེན་དུ་མའི་དབང་གིས་ཡུལ་ལུང་སོ་སོའི་སྐད་དུ་མ་བྱུང་ཡོད་པ་རེད། ཁམས་སྐད་ལའང་བྱང་རྒྱུད་ཀྱི་ལུང་སྐད་དང་ལྷོ་རྒྱུད་ཀྱི་ལུང་སྐད། འབྲོག་སྐད་སོགས་ལུང་སྐད་གསུམ་དབྱེ་ཡོད། དེའི་ལྷོ་རྒྱུད་ཀྱི་ལུང་སྐད་ཞེས་པ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་ཀྱི་རྫོང་དྲུག་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ཆབ་མདོའི་ས་ཁུལ་ཁ་ཤས་སུ་ཁྱབ་ཡོད།
ད་ལྟའི་ཁམས་སྐད་ཀྱི་གནས་བབ་བཤད་ན། ཁམས་སྐད་ལ་བརྡ་རྙིང་གི་ཁྱད་ཆོས་ཡོད་པ་དང་བརྡ་གསར་གྱི་ཁྱད་ཆོས་ཀྱང་ཡོད། དཔེར་ན་བརྡ་རྙིང་གི་ཁྱད་ཆོས་ཏེ་ས་ཆ་ལ་ལ་མི་ལ་མྱི་དང་། མེ་ལ་མྱེ། མིག་ལ་མྱིག་སོགས་ཡོད་པ་རེད། བརྡ་གསར་གྱི་ཁྱད་ཆོས་ནི་ཤིན་ཏུ་མང་བས་འདི་ན་དཔེ་འགོད་མི་བྱ། དེ་ཡང་སྤྱི་ཚོགས་འཕོ་འགྱུར་འགྲོ་བ་དང་མི་རིགས་གཞན་དང་འབྲེལ་འདྲིས་མང་བའི་རྐྱེན་གྱིས་ཁམས་སྐད་དུ་རྒྱ་སྐད་ཀྱི་མིང་གཡར་མ་དང་ཐ་སྙད་བྱུང་དང་འབྱུང་བཞིན་ཡོད། དཔེར་ན། སློབ་གྲྭ་ལ་ཞོས་ཞབ།(学校) སློབ་མ་ལ་ཞོས་སིང་། (学生)འཁྱགས་སྒམ་ལ་པིང་ཤང་། (冰箱)སོགས་འདྲེས་སྐད་བེད་སྤྱོད་བཏང་འདུག། དེ་ལས་ཀྱང་ཡིད་སྐྱོ་པ་ཞིག་ནི་དེང་གི་རྒན་དར་གཞོན་གསུམ་དུ་མས་རྒྱ་སྐད་རྒྱ་ཡིག་སྤྱོད་ཤུགས་ཆེ་བ་དང་དེ་གོ་བདེ་བ་ལྟ་བུའི་ནོར་འཁྲུལ་གྱི་ལྟ་བ་འཛིན་གྱིན་འདུག། བྱིས་པ་ཆུང་དུས་ནས་རང་གི་ཕ་སྐད་ཨ་ཕ་དང་ཨ་མ་ཞེས་མི་འབོད་པར་རྒྱ་སྐད་ཀྱི(爸爸,妈妈)ཞེས་འབོད་པར་བྱེད། དེ་དང་དེ་བཞིན་དུ་བོད་སྐད་བོད་ཡིག་ཀུན་སྤྱོད་མི་བྱེད་པ་ཚང་མས་རྒྱ་སྐད་རྒྱ་ཡིག་གི་ལམ་ནས་ཁ་བརྡ་བྱེད་འདུག། ལྷག་པར་དུ་རྫོང་ཐོག་གི་བྱིས་པ་དང་ན་གཞོན་ཚོས་དུས་རྒྱུན་ནས་རྒྱ་སྐད་རྒྱ་ཡིག་ཀུན་སྤྱོད་བྱེད་པ་དང་། བོད་སྐད་ཀྱི་སྒོ་ནས་ཁ་བརྡ་བྱེད་མི་ཐུབ་པ་དང་བོད་ཡིག་ཀུན་སྤྱོད་མི་བྱེད་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་འདུག།
གཉིས་པ། ཁམས་སྐད་ཀྱི་རྣམ་དབྱེ་དང་ཚིག་ཕྲད་སྐོར་གྱི་ཁྱད་ཆོས།
སྤྱིར་ཚིག་ཕྲད་ཅེས་པ་ནི་ཚིག་སྔ་ཕྱི་ཕྲད་པར་བྱེད་པའི་ནུས་པ་ཡོད་པ་ལ་ཟེར། དམུ་དགེ་བསམ་གཏན་ལགས་ཀྱི་བརྡ་སྤྲོད་བློ་གསལ་དགའ་སྟོན་ལས“ཚིག་ཕྲད་རང་རྐྱང་གིས་བརྗོད་བྱ་སྟོན་མི་ནུས་པར་ཚིག་སྔ་ཕྱི་ཕྲད་པར་བྱེད་པའི་ནུས་པ་བཏོན་ཏེ་དོན་སྟོན་པས་ན། ཚིག་ཕྲད་ཅེས་བྱའོ།།” ཞེས་གསུངས་ཡོད། དེ་ཡང་ཚིག་ཕྲད་དེ་དག་ལ་བརྡ་སྤྲོད་ཀྱི་བྱེད་ནུས་མི་འདྲ་བའི་སྒོ་ནས་དབྱེ་བ་དུ་མ་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་ནང་དུ་ཚིག་ཕྲད་ཀྱི་བྱེད་ནུས་མི་འདྲ་བའི་ཆ་ནས་ལས་སུ་བྱ་བ་དང་བྱེད་སྒྲ། དགོས་ཆེད། འབྱུང་ཁུངས། འབྲེལ་སྒྲ་དང་གནས་གཞི། དེ་ཉིད་དང་ཚེ་སྐབས་སོགས་རིགས་དུ་མར་དབྱེ་བ་དང་། ཚིག་ཕྲད་མིང་ཚིག་གི་རྗེས་སུ་འཇུག་སྐབས་རྗེས་འཇུག་ལ་ལྟོས་དགོས་མིན་གྱི་སྒོ་ནས་ཕྲད་རང་དབང་ཅན་དང་ཕྲད་གཞན་དབང་ཅན་གཉིས་སུ་ཕྱེས་ཡོད། ད་རུང་རྣམ་དབྱེ་ཡིན་པའི་ཕྲད་དང་རྣམ་དབྱེ་མ་ཡིན་པའི་ཕྲད་ཡོད་ལ། དེ་ལ་རྣམ་དབྱེ་ཞེས་པ་ནི་ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་བའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཟེར། དམུ་དགེ་བསམ་གཏན་ལགས་ཀྱི་བརྡ་སྤྲོད་བློ་གསལ་དགའ་སྟོན་ལས“ངོ་བོ་དང་ཡུལ་དང་བྱ་བ་བྱེད་པ་པོ་དང་བྱེད་པ། ཁྱད་གཞི་དང་ཁྱད་ཆོས་སོགས་གང་རུང་མ་འདྲེས་པར་སོ་སོར་རྣམ་པར་དབྱེ་བས་ན། རྣམ་དབྱེ་ཞེས་བརྗོད་དོ” ཞེས་གསུངས་ཡོད། གོང་དུ་བཤད་པ་ལྟར་ཡུལ་སྐད་དང་ལུང་སྐད་སོ་སོའི་ཁྱད་པར་གཙོ་བོ་ནི་སྒྲ་གདངས་ཀློག་ཚུལ་གྱི་འགྱུར་བ་ལས་བྱུང་བ་ཡིན། བརྡ་སྤྲོད་ཐད་ཀྱི་ཁྱད་པར་ཆེན་པོ་མེད། མི་རིགས་གང་དང་གང་གི་སྐད་ཡིན་རུང་སྐད་ཀྱི་སྒྲ་གདངས་འགྱུར་སླ་བ་དང་བརྡ་སྤྲོད་དེ་འདྲ་འགྱུར་སླ་བ་མེད་པ་ནི་སྐད་ཆའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཡིན། དེ་དང་དེ་བཞིན་དུ་ཁམས་སྐད་དུ་རྣམ་དབྱེ་དང་ཚིག་ཕྲད་ཀྱི་བྱེད་ནུས་དང་དབྱེ་བ་སོགས་ནི་བོད་སྲོལ་རྒྱུན་གྱི་བརྡ་སྤྲོད་དང་མཐུན་པ་ཡིན། དེ་ཡིན་པའི་རྐྱེན་གྱིས་ཁམས་སྐད་ཀྱི་རྣམ་དབྱེ་དང་ཚིག་ཕྲད་ཀྱི་ཁྱད་ཆོས་ནི་གཙོ་བོ་སྐད་ཀྱི་སྒྲ་གདངས་ལས་བྱུང་བ་ཡིན་པས། གཤམ་དུ་ཁམས་སྐད་ཀྱི་རྣམ་དབྱེ་དང་ཚིག་ཕྲད་འགའི་ཁྱད་ཆོས་དཔེར་བརྗོད་བཀོད་ནས་བརྗོད་ཡོད།
གཅིག། རྣམ་དབྱེ་ཡིན་པའི་ཚིག་ཕྲད་ཀྱི་ཁྱད་ཆོས།
བོད་ཀྱི་སྲོལ་རྒྱུན་གྱི་བརྡ་སྤྲོད་གཞུང་ལུགས་ལས་རྣམ་དབྱེ་བརྒྱད་དུ་དབྱེ་ཡོད། དང་པོ་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་སྒྲ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་གནས་གཞི། བརྒྱད་པ་འབོད་སྒྲའོ།། རྣམ་དབྱེ་བརྒྱད་པོ་དེ་དག་ནི་སོ་སོའི་ཕྲད་ཀྱི་བྱེད་ནུས་མི་འདྲ་བའི་སྒོ་ནས་དབྱེ་བ་འབྱེད་པ་ཡིན། འདིར་དཔེར་བརྗོད་ཀྱི་སྒོ་ནས་ཁམས་སྐད་དུ་རྣམ་དབྱེ་འགའི་ཕྲད་ཀྱི་སྦྱོར་ཚུལ་དང་སྒྲ་གདངས་ཀྱི་འགྱུར་ཚུལ་སོགས་ལ་གསལ་བཤད་བྱ་རྒྱུ་ཡིན།
༡ ལ་དོན་གྱི་རྣམ་དབྱེའི་སྦྱོར་ཚུལ་བརྗོད་པ།
སྤྱིར་ལ་དོན་ནི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་བཞི་པ་དགོས་ཆེད། བདུན་པ་གནས་གཞི་སོགས་སྟོན་བྱེད་ཀྱི་ཕྲད་ལ་སུ་རུ་ར་ལ་ཏུ་དུ་ན་བདུན་པོ་ཡོད་པ་རེད། ཕྲད་སོ་སོའི་སྦྱོར་ཚུལ་ནི། དགེ་རྒན་དཔའ་རིས་སངས་རྒྱས་ཀྱི་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་ལས“ས་སུ་ག་བ་དྲག་མཐའ་ཏུ། ང་ད་ན་མ་ར་ལ་དུ། འ་དང་མཐའ་མེད་རའམ་རུ། ན་ལ་དག་ནི་སྐབས་བསྟུན་སྦྱོར། ” གསུངས་ཡོད། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ཕྲད་ཀྱི་སྦྱོར་ཚུལ་བརྗོད་ན། ཐོག་མ་ལས་སུ་བྱ་བའི་མཚན་ཉིད་ཤེས་དགོས་པ་རེད། དེ་ཡང་དམུ་དགེ་བསམ་གཏན་ལགས་ཀྱི་བརྡ་སྤྲོད་བློ་གསལ་དགའ་སྟོན་ལས“རྣམ་དབྱེ་གཉིས་པས་ལས་སུ་བྱ་བ་བྱེད་པའི་གཞིའམ་ཡུལ་དང་གཞི་དེ་ལ་བྱས་པའི་བྱ་བ་གཉིས་རྣམ་པར་དབྱེ་བར་བྱེད་པའོ།།” ཞེས་པ་དང་། ཨ་ལག་ཤ་ངག་དབང་བསྟན་དར་གྱི་སུམ་ཅུ་པ་དང་རྟགས་འཇུག་གི་དོན་གོ་སླ་བར་བསྡུས་པའི་བཤད་པ་ལས“ལས་སུ་བྱ་བ་ནི། འགྲོ་འོང་སོང་བསྡད་ཟོས་འཐུང་འཆིང་སོགས་ལྟ་བུ་བྱེད་པ་པོས་ལས་བྱེད་བཞིན་པ་སྟོན་བྱེད་ཡིན་པས། ” ཞེས་གསུངས་ཡོད། དཔེར་ན། བུམ་པ་རུ་ཆུ་བླུགས་ཞེས་པའི་ཆུ་བླུགས་སའི་གཞིའམ་ཡུལ་ནི་བུམ་པ་དང་ཆུ་བླུགས་ནི་བྱ་བ་ཡིན། དེ་གཉིས་བར་ལ་རུ་སྦྱོར་ནས་རྣམ་པ་སོ་སོ་དབྱེ་བའོ།། ཁམས་སྐད་ལས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ཕྲད་ན་དང་ལ་གཉིས་མ་གཏོགས་གཞན་མེད། ཡིན་ན་ཡང་ཕྲད་ན་ཡི་སྒྲ་གདངས་ནི [ni] ཡི་སྒྲ་གདངས་དུ་འགྱུར་པ་དང་ལ་ཡི་སྒྲ་གདངས་ཡ [ja] སྒྲ་རུ་འགྱུར་ཡོད། སྐབས་འགར་རྣམ་དབྱེ་གཉིས་པ་སྟོན་བྱེད་ཀྱི་ཚིག་ལ་ཕྲད་སྦྱོར་མེད། ན་དང་ལ་གཉིས་ཀྱི་སྦྱོར་ཚུལ་ནི་ཡིག་སྲོལ་ལྟར་རྗེས་འཇུག་ལ་ལྟོས་མི་དགོས་པ་ཅི་བདེ་སྦྱོར་ཆོག་པ་རང་དབང་ཅན་ཡིན།
རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་ཕྲད་ཀྱི་སྦྱོར་ཚུལ་བརྗོད་ན། ཐོག་མ་རྣམ་དབྱེ་བཞི་པ་དགོས་ཆེད་ཞེས་པ་ནི་རྒན་དཔའ་རིས་སངས་རྒྱས་ཀྱི་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་ལས “རྣམ་དབྱེ་བཞི་པ་དགོས་ཆེད་ནི།། བྱེད་པ་པོ་དང་བྱ་བའི་ཡུལ།། གང་གི་དགོས་པ་བསྒྲུབ་པའི་ཆེད།། བྱ་བ་བྱེད་པར་སྟོན་བྱེད་ཡིན།།” ཞེས་པར་ལྟར་དགོས་པ་གང་ཞིག་གི་ཆེད་དུ་བྱ་བ་བྱས་པ་གསལ་བོར་སྟོན་པའི་སྒྲ་ལ་བཞི་པ་དགོས་ཆེད་ཟེར། དེ་ཡང་ཁམས་སྐད་དུ་རྣམ་དབྱེ་བཞི་པ་མཚོན་བྱེད་ཀྱི་ཕྲད་ན [ni] དང་རུ[ru] གཉིས་ཡོད་པ་རེད། ཕྲད་གཉིས་ཀྱི་སྦྱོར་ཚུལ་ནི་གོང་དུ་བཤད་ཟིན་པར་ལྟར་རྗེས་འཇུག་ལ་ལྟོས་མི་དགོས་པ་ཅི་བདེ་སྦྱོར་ཆོག་པ་རང་དབང་ཅན་ཡིན།
རྣམ་དབྱེ་བདུན་པ་གནས་གཞི་ཞེས་པ་ནི་གང་ཞིག་གང་ལ་གནས་པའམ་ཡོད་པ་ཙམ་སྟོན་པ་ལ་ཟེར། དམུ་དགེ་བསམ་གཏན་ལགས་ཀྱི་བརྡ་སྤྲོད་བློ་གསལ་དགའ་སྟོན་ལས“རྣམ་དབྱེ་བདུན་པ་གནས་གཞིས་གང་དུ་གནས་སའི་གཞིའམ་ཡུལ་དང་གནས་བྱའི་ཆོས་གཉིས་རྣམ་པ་དབྱེ་བར་བྱེད་པ་ལའོ།།” ཞེས་གསུངས་ཡོད། དེ་ཡང་ཁམས་སྐད་དུ་རྣམ་དབྱེ་བདུན་པ་གནས་གཞི་ཕྲད་ལ་ཕལ་ཆེར་ན[ni]དང་ལ[ja]་གཉིས་ལས་གཞན་མེད། སྦྱོར་ཚུལ་ཡང་གོང་གི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་སྐབས་དང་མཚུངས།
༢ ཨི་ལྡན་གྱི་རྣམ་དབྱེའི་མཚོན་སྟངས་བརྗོད་པ།
དབྱངས་ཡིག་ཨི་དང་ལྡན་པའི་བྱེད་འབྲེལ་གཉིས་ཏེ་རྣམ་དབྱེ་གསུམ་པ་བྱེད་སྒྲ་དང་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་གཉིས་སྟོན་བྱེད་ཀྱི་ཕྲད་གི་ཀྱི་གྱི་འི་ཡི་ལྔ་པོའི་སྒྲ་དེར་ཁམས་སྐད་དུ་ཟུར་ཆགས་ནས་འི་དང་ཡི། འིས་དང་ཡིས་སྒྲ་བཅས་སུ་འགྱུར་ཡོད་པ་རེད།
རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྲད་ཀྱི་སྦྱོར་ཚུལ་བཤད་ན། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཞེས་པ་ནི་རྒན་དཔའ་རིས་སངས་རྒྱས་ཚང་གི་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་ལས “རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ནི།། གི་ཀྱི་གྱི་འི་ཡི་ལྔ་སྟེ།། ད་བ་ས་ཀྱི་ག་ང་གི། ན་མ་ར་ལའི་རྗེས་སུ་གྱི།། འ་དང་མཐའ་རྟེན་མེད་མཐའ་འི།། རྐང་བ་སྐོང་ཚེ་ཡི་ཐོབ་ཅིང་།། འབྲེལ་ཆོས་གང་ཞིག་འབྲེལ་གཞི་ནི།། གང་དང་འབྲེལ་བར་སྟོན་བྱེད་ཡིན།། ཚིག་དོན་སྔ་ཕྱི་མི་མཐུན་པར།། སྟོན་པའི་རྒྱན་དུའང་འཇུག་པ་ཡིན།།” ཞེས་འབྲེལ་སྒྲ་ནི་འབྲེལ་གཞི་དང་འབྲེལ་ཆོས་ཀྱི་འབྲེལ་བ་གསལ་བར་བྱེད་པའི་སྒྲ་ལ་ཟེར། དེ་ཡང་ཁམས་སྐད་དུ་འབྲེལ་སྒྲ་སྟོན་བྱེད་ཀྱི་ཕྲད་གི་ཀྱི་གྱི་ཡི་འི་ལྔ་པོ་དེ་ཕལ་ཆེར་འི་དང་ཡི་གཉིས་ལ་ཟུར་ཆགས་ནས་བེད་སྤྱོད་བྱེད་ཡོད་པ་རེད།
རྣམ་དབྱེ་གསུམ་པ་བྱེད་སྒྲའི་ཕྲད་ཁམས་སྐད་དུ་སྦྱོར་ཚུལ་བརྗོད་ན། དེ་ཡང་རྒན་དཔའ་རིས་སངས་རྒྱས་ཚང་གི་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་ལས་འདི་འདྲ་ཞིག་གསུངས་ཡོད། “རྣམ་དབྱེ་གསུམ་པ་བྱེད་སྒྲ་ཡི།། ཐོབ་ཐང་འབྲེལ་སྒྲ་ཉིད་དང་མཚུངས།། བྱ་བ་གང་གི་བྱེད་པ་ཡི།། བྱེད་པ་གཙོ་ཕལ་སྟོན་བྱེད་དེ།། བྱེད་པ་པོ་ནི་སེམས་ཅན་དང་།། བྱེད་པོར་སྣང་བའི་བེམ་པོ་ཡིན།། བྱེད་པ་ཡོ་བྱེད་རྒྱུ་ཆ་དང་།། ཐབས་དང་རྒྱུ་མཚན་སྦྱོར་ཚུལ་ཡིན།།” ཞེས་པར་ལྟར་བྱེད་སྒྲ་ནི་བྱེད་པ་པོ་ཞིག་གི་བྱ་བ་བྱེད་པ་གཙོ་བོ་སྟོན་པ་ལ་ཟེར། བྱེད་སྒྲ་སྟོན་བྱེད་ཀྱི་ཕྲད་གིས་ཀྱིས་གྱིས་འིས་ཡིས་ལྔ་པོ་ཁམས་སྐད་དུ་ཕལ་ཆེར་འིས་དང་ཡིས་གཉིས་སུ་ཟུར་ཆགས་ཡོད་པ་རེད།
གོང་ལས་ཁམས་སྐད་དུ་རྣམ་དབྱེ་གསུམ་པ་བྱེད་སྒྲ་དང་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་གཉིས་ཀྱི་སྦྱོར་ཚུལ་ཤེས་ཐུབ། ཁམས་སྐད་ལས་བྱེད་འབྲེལ་གཉིས་ཀྱི་ཕྲད་ཕལ་ཆེར་འི་དང་ཡི་གཉིས་སུ་ཟུར་ཆགས་འདུག། ཕྲད་གི་ཀྱི་གྱི་ཡི་བཞི་ཉམས་ནས་ཡི་མ་གཏོགས་མེད་པ་དང་། རྗེས་འཇུག་ཡོད་པའི་སྐབས་སུ་ཡི་དང་ཡིས་གཉིས་འཇུག་པ། རྗེས་འཇུག་མེད་པའི་སྐབས་ཡི་དང་ཡིས། འི་དང་འིས་ཅི་བདེར་སྦྱོར་ཆོག་པ་རེད།
གཉིས། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་ཀྱི་ཁྱད་ཆོས།
རང་རེ་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་གཞུང་དུ་ཚིག་ཕྲད་ལ་རྣམ་དབྱེ་ཡིན་མིན་དང་ཕྲད་རང་དབང་ཅན་དང་ཕྲད་གཞན་དབང་ཅན་ཞེས་དབྱེ་སྲོལ་ཡོད་ལ། དེ་ཡང་རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་ཁམས་སྐད་དུ་སྦྱོར་ཚུལ་གྱི་ཁྱད་ཆོས་གཤམ་གྱི་དཔེར་བརྗོད་ཀྱི་སྒོ་ནས་གསལ་བཤད་བྱ་རྒྱུ་ཡིན།
སྤྱི་སྒྲའི་ཕྲད་ཁམས་སྐད་དུ་སྦྱོར་ཚུལ་བརྗོད་ན། ཐོག་མ་སྤྱི་སྒྲ་ཞེས་པ་ནི་རྒན་དཔའ་རིས་སངས་རྒྱས་ལགས་ཀྱི་བརྡ་སྤྲོད་གསལ་བྱེད་ངག་སྒྲོན་ལས། “གང་ཅི་ཇི་སུ་དུ་ནམ་དྲུག། སྤྱི་ལ་ཁྱབ་པའི་སྒྲ་ཡིན་ཏེ།། དཔེ་དང་གཞལ་ལ་ཇི་སྦྱོར་ཞིང་།། དོན་ལ་ཅི་དང་མི་ལ་སུ།། གྲངས་ལ་དུ་དང་དུས་ལ་ནམ།། གང་ནི་དེ་དག་ཀུན་ལ་འཇུག། ” ཞེས་པ་ལྟར་སྤྱི་སྒྲ་མཚོན་བྱེད་ཀྱི་ཕྲད་ལ་ཅི་ཇི་སུ་གང་དུ་ནམ་དྲུག་པོ་ཡོད་པ་རེད། ཕྲད་དྲུག་པོ་དེར་ཁམས་སྐད་དུ་ཕལ་ཆེར་ག [ka:] དང་གུ་རུ[kərə] སུ [shə] གུ་ཛྷོད [kədzot] ནམ[nam] ལྔ་རུ་ཟུར་ཆགས་ནས་སྦྱོར་བ་ཡོད་པ་རེད།
གོང་གི་དཔེར་བརྗོད་དག་ལས་ཁམས་སྐད་དུ་སྤྱི་སྒྲའི་ཕྲད་ཀྱི་སྦྱོར་ཚུལ་ཤེས་ཐུབ་པ་རེད། ཁམས་སྐད་དུ་སྤྱི་སྒྲའི་ཕྲད་ལ་ལྔ་ཡོད། ཕྲད་དེ་ལྔའི་སྒྲ་གདངས་ཀྱི་ཐད་ལ་ཁྱད་པར་ཡོད་པ་མ་གཏོགས་གཞན་བྱེད་ནུས་སོགས་ཡིག་སྲོལ་དང་མཚུངས་པ་རེད། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་གོང་དུ་སྤྱི་སྒྲའི་ཕྲད་དེ་ཁམས་སྐད་དུ་སྦྱོར་ཚུལ་གྱི་ཁྱད་ཆོས་ཅུང་ཡོད་པ་རེད། གཞན་འབྱེད་སྡུད་དང་རྫོགས་ཚིགས། ཚིག་ཕྲད་ཅིང་སོགས་ཁམས་སྐད་ཀྱི་དུས་རྒྱུན་ངག་སྲོལ་དུ་མེད་པས་འདི་ནས་གསལ་བཤད་མི་བྱ།
གསུམ་པ། ཁམས་སྐད་ཀྱི་མིང་ངམ་ཐ་སྙད་ཀྱི་ཁྱད་ཆོས།
སྤྱིར་མིང་ནི་དོན་གྱི་ངོ་བོ་ཙམ་སྟོན་པ་ལ་ཟེར། མིང་ནི་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་ལ་བཏགས་པའི་ཐ་སྙད་དེར་བྱ་ཞིང་། ནུས་པ་ནི་དོན་གྱི་ངོ་བོ་འཛིན་པའོ།། མིང་གི་མཚན་ཉིད་ནི། ཡི་གེ་དུ་མ་འདུས་ནས་དོན་གང་ཡང་རུང་བ་ཞིག་ངོ་བོ་ཙམ་སྟོན་པའི་བརྡ་ཡིན་ལ། དེ་ཡང་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་གཞུང་ལས་མིང་ལ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་རིགས་གཉིས་དབྱེ་ཡོད་པ་རེད། དཔེར་ན། ཁང་བ་ཞེས་པས་ཁང་བའི་ངོ་བོ་ཙམ་ལས་ཁྱད་པར་གང་ཡང་མི་སྟོན་སྟབས་མིང་ཙམ་ཡིན་པ་ལྟ་བུའོ།། སྤྱིར་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་སོ་སོ་རྩ་བ་ནི་བོད་སྐད་ཡིན་པའི་ཆ་ནས་སོ་སོའི་ཚིག་གི་སྒྲིག་རིམ་སོགས་བརྡ་སྤྲོད་ཀྱི་ཁྱད་ཆོས་ཕལ་ཆར་འདྲ་བ་རེད། ཡིན་ན་ཡང་སྤྱི་ཚོགས་གོང་དུ་འཕེལ་བ་དང་བསྟུན་ནས་སྐད་ཆའི་གྲུབ་ཚུལ་ཡང་རྒྱུན་མི་ཆད་པར་སླར་ནས་རྒྱས་པར་འགྲོ་བཞིན་ཡིན་པ་དང་། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ། མི་རིགས་གཞན་དང་འབྲེལ་འདྲིས་བྱས་པ་སོགས་རྐྱེན་དུ་མའི་དབང་གིས་ཁམས་སྐད་ཀྱི་མིང་ངམ་ཐ་སྙད་ལ་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་རེད། དེ་བས་ཐ་སྙད་ཀྱི་ཁྱད་པར་ཡང་ཡུལ་སྐད་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཏུ་གྱུར་པ་རེད། སྤྱིར་མིང་ངམ་ཐ་སྙད་ལ་མིང་གི་གྲུབ་ཚུལ་གྱི་ཆ་ནས་བསྐྱར་ཟློས་ཀྱི་མིང་ཅུང་མང་ཞིང་། མིང་གཡར་མ་ལ་སི་ཁྲོན་གྱི་རྒྱ་སྐད་ཀྱི་ཐ་སྙད་མང་བ་དང་ཞེ་ས་ཅུང་ཉུང་བ་སོགས་ནི་ཁམས་སྐད་ཀྱི་མིང་ངམ་ཐ་སྙད་ཀྱི་ཁྱད་ཆོས་ཡིན་པ་ནི་ཀུན་གསལ་རེད།
མཇུག་བསྡུ་བའི་གཏམ།
དེ་ཡང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མིའི་རིགས་ཀྱི་སྐད་གདངས་ལ་འཕེལ་འགྱུར་འགྲོ་བ་ནི་ཀུན་མཐུན་གྱི་ཆོས་ཉིད་ཡིན། དེ་ནས་མིའི་རིགས་ཀྱི་སྐད་ཆ་མེད་པ་ནས་ཡོད་པ། ཁོར་ཡུག་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སོགས་མི་འདྲ་བའི་རྐྱེན་གྱིས་སྐད་རིགས་མི་འདྲ་བ་བྱུང་བ་དང་། སྐད་རིགས་གཅིག་གི་ནང་ནས་ཡུལ་སྐད་མི་འདྲ་བ་བྱུང་བ་རེད། དེ་བཞིན་དུ་དེང་སང་རང་རེ་བོད་ཀྱི་སྐད་ལ་ཡང་ཡུལ་སྐད་དུ་མ་དབྱེ་ཡོད་པས། བོད་མི་བར་བོད་སྐད་སྤྱོད་པར་བཀག་རྒྱ་བྱུང་ཡོད་པ་ནི་ཚང་མས་ཤེས་གསལ་ལྟར་ཡིན། དེར་བརྟེན་བོད་རང་ལ་གཅིག་མཐུན་གྱི་སྐད་ཅིག་ངེས་པར་དུ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་གལ་ཆེན་ཞིག་ཡིན་པ་རེད། སྐད་བརྡ་ལ་ཞིབ་འཇུག་ནི་ནམ་ཡང་གལ་ཆེ་བའི་དོན་ཡིན་ནོ།།
( ཉག་ཆུ་རྫོང་ཆུ་ཁ་གྲོང་རྡལ།ཆོས་སྐྱིད།)
雅江县河口镇 秋洁