( པར་ངོས་གཉིས་པར་གཟིགས།)
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས29ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་ལྔ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། སློབ་གསོ་དར་ཚེ། གཞི་ནས་རྒྱལ་ཁབ་དར་རྒྱས་ཡོང་བ་དང་སློབ་གསོ་སྟོབས་ཆེར་ཕྱིན་ན། གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་འཐབ་ཇུས་ཀྱི་སྔོན་འགྲོའི་ཁྲིད་སྟོན་དང་། ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་དར་མངོན་དུ་འགྱུར་བའི་འདེགས་སྐྱོར་གལ་ཆེན། མི་དམངས་ཡོངས་ཐུན་མོང་ཕྱུག་འབྱོར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྨང་གཞིའི་འདུ་འགོད་བཅས་རེད། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་དམངས་གཙོ་བོར་འཛིན་པའི་སློབ་གསོ་འཕེལ་རྒྱས་གཏོང་པ་མཐའ་འཁྱོངས། རང་འགུལ་ངང་སྔོན་ལ་བཀོད་སྒྲིག་དང་། འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་པ། གནས་བབ་གསར་པ་གསར་འབྱེད་ཧུར་ཐག་བཅས་བྱེད་པ། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བདེ་སྐྱིད་རྩ་བ་བརྟན་དུ་གཏོང་བ། སློབ་གསོ་སྟོབས་ཆེར་བཏང་ནས་རྒྱལ་ཁབ་འབྱོར་ཕྱུག་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱ་དགོས་པའི་ནན་གསུང་གནང་བ་རེད།
ཆིང་ཧྭ་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་རམས་པ་ཆིའུ་ཡུང་གིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པར་མ་ཟད། ལས་ཀའི་གྲོས་འགོ་ཡང་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ནན་ཏན་ངང་འགྲེལ་བཤད་ལ་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།