ད་ལོའི་སྤྱི་ཟླ4པའི་ཚེས2ཉིན་ལ་རང་རེའི་ཞིང་ཆེན་གྱིས《སི་ཁྲོན་ཞིང་ཆེན་རྫོང་མཁར་གྱི་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་གྱི་ཚོད་ལྟ་ལས་ཀའི་ཇུས་གཞི》པར་འགྲེམས་བྱས་ནས་རྫོང(གྲོང་ཁྱེར)37ལ་གྲོང་ཆེན་མཐའ་འཁོར་གྱི་རྫོང་མཁར་དང་། ཆེད་ལས་ནུས་ལྡན་རྫོང་མཁར། ཞིང་ལས་ཐོན་རྫས་ཐོན་སྐྱེད་གཙོ་བོའི་རྫོང་མཁར། སྐྱེ་ཁམས་ནུས་ལྡན་གཙོ་གནད་རྫོང་མཁར་བཅས་རིགས་བགོ་ལྟར་ཚོད་ལྟ་བྱས་པ་ལས་དཀར་མཛེས་རྫོང་རང་ཁུལ་གྱི་སྐྱེ་ཁམས་ནུས་ཁུལ་གཙོ་གནད་ཀྱི་རྫོང་མཁར་གྱི་ཚོད་ལྟ་རྫོང་དུ་བདམས་པའི་རྫོང་ཉག་ཅིག་དེ་རེད།
སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།
ལོ་ན73ལ་ལོན་པའི་བགྲེས་སོང་བཀྲ་ཤིས་དོན་གྲུབ་ཉག་ཆུ་གླིང་ཁའི་མཚེའུ་སྐོར་རྐང་ཐང་ལམ་དང་དམར་དམག་དམག་འཛོམས་ལམ་བུར་འཆམ་འཆམ་དུ་བསྐྱོད། ཁོང་གིས་ཤང་ཤང་དུ་འབབ་བཞིན་པའི་ཉག་ཆུ་ལ་ལྟ་བཞིན་མྱོང་ཚོར་ཟབ་མོས་ལོ་བཅུ་ལྷག་གི་གོང་ལ། རྩྭ་ཐང་དེ་ནི་རྩྭ་ངན་སྐྱེས་པའི་འདམ་རྫབ་ཅིག་རེད། དབྱར་ཁ་ཤར་དུས་ཡུལ་དེ་གའི་མི་སེར་ཚོ་སྤང་སྐྱིད་འགྲོ་རྒྱུ་ལ་དགའ་མོད། འོན་ཀྱང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མེད་པས་གད་སྙིགས་དང་ཆང་དམ་གང་བྱུང་དུ་དབྱུགས་ཀྱིན་ཡོད་ཅེས་བཤད།
ཡུལ་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་ཁོངས་བཀོད་སྒྲིག་བྱེད་སྟངས་སྔར་བས་ལེགས་སུ་བཏང་ནས་གཞིས་ཆགས་འོས་པའི་འཚོ་བའི་ཁོར་ཡུག་སྐྲུན་ཆེད། 2014ལོར་དཀར་མཛེས་རྫོང་གིས་མ་དངུལ་སྒོར་བྱེ་བ4ལྷག་བཏང་ནས་རྒྱལ་ལམ317པའི་ལམ་རྒྱུད་ཀྱི་རྫོང་མཁར་ཉེ་འགྲམ་གྱི་སྤྱི་ལེ་ངོས་གྲུ8.8ཉེ་བའི་ཁྱབ་ཁོངས་སུ་ཉག་ཆུའི་འདམ་རར་སླར་གསོ་བཅོས་སྐྱོང་དང་སྲུང་སྐྱོང་ལས་གྲྭ་སྤེལ་བ་དང་། ཆུའི་སྦགས་བཙོག་བཅོས་སྐྱོང་དང་། འདམ་ར་སླར་གསོ། ཆུ་འགོ་སྲུང་སྐྱོང་སོགས་ཀྱི་ལས་གཞི་ལག་ལེན་བསྟར་ནས་གཙང་པོའི་ཆུ་འགོ་ནས་སྐྱེ་ཁམས་ཁོར་ཡུག་བསྲུངས་ཏེ། འདམ་རའི་སྦགས་བཙོག་བཀག་འགོག་ནུས་ལྡན་ཐུབ་ཡོད་ལ། འདམ་རའི་སྐྱེ་ཁམས་མ་ལག་གི་རང་ངོས་སྙོམས་སྒྲིག་ནུས་པ་རིམ་བཞིན་ཆེ་རུ་བཏང་ཡོད།
དཀར་མཛེས་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྤྱི་འདོམས་བྱས་ཤིང་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་བྱ་རྒྱུ་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩ་ཐུག་ས་ཞིག་ཏུ་བརྩིས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་སྐྱེ་ཁམས་རིག་གནས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་མ་དངུལ་ཁྱོན་སྒོར་ཁྲི15596.5བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ཤིང་འཛུགས་ནགས་བཟོ། རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་བྱས་པ་དང་ཆབས་ཅིག་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་བསྣན་ཏེ། རང་བྱུང་ནགས་ཚལ་དོ་དམ་སྲུང་སྐྱོང་མ་ལག་འཐུས་ཚང་དང་དོན་འཁྱོལ་བྱས་པས་རང་བྱུང་ནགས་ཚལ་མུའུ་ཁྲི416.66ལ་ཟིན་པར་དོ་དམ་སྲུང་སྐྱོང་ཐུབ་པ་དང་རིམ་རྩིས་བྱས་ན་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི19711.48སྤྲད་ཡོད། ལས་གཞི་ལག་ལེན་བསྟར་ནས་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་པར་མ་ཟད་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་བཅོས་སྐྱོང་གི་ཞིབ་ཚད་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་དྲོད་ཚད་ཆེ་རུ་ཕྱིན་ཡོད།
སྤུས་ཚད་མཐོན་པོའི་གཞིས་ཆགས་འཚམ་ཡུལ་གང་མགྱོགས་བསྐྲུན།
2021ལོའི་སྤྱི་ཟླ3པའི་ཚེས28ཉིན་ལ་སི་ཁྲོན་དང་བོད་འབྲེལ་ས་ཁུལ་གྱི་གྲོང་ཁྱེར་སྣོལ་ཟམ་ཐོག་མ་དེ་དཀར་མཛེས་རྫོང་གི་ཐང་ཆེན་རྙིང་པར་དངོས་སུ་བཙུགས་པ་རེད། དེ་གནམ་ཐང་གི་ལམ་ཆེན་དང་ཤར་གྱི་ཁྲོམ་གཞུང་སྣོལ་ལམ་ཁ་ནས་འགོ་བཙུགས་པ་དང་མཐར་ཆིང་ཧོ་ཁྲོམ་གཞུང་གི་ལམ་མདོ་ཁར་རྫོགས་ཤིང་ཁྱོན་མ་དངུལ་སྒོར་ཁྲི4865བཏང་བ་དང་སྤྱིའི་རིང་ཚད་ལ་སྨི400ལྷག་ཡོད་པ་དང་སྐྲུན་ཡུན་ཟླ་བ15འགོར་ཡོད།
དཀར་མཛེས་རྫོང་གི་ལས་སྒྲུབ་པ་ལི་སྐུ་ཞབས་ཀྱིས་ཟམ་པ་ལངས་གཟུགས་མ་དེ་ཧ་ཅང་ཡག་པོ་འདུག། ལམ་ཐག་བསྟུངས་ཐལ། མཚན་མོར་གློག་སྤར་མ་ཐག་གྲོང་ཁྱེར་ཆེན་པོར་སླེབས་པ་ལྟ་བུའི་སྣང་བ་འདུག་ཅེས་བཤད།
དཀར་མཛེས་རྫོང་བཅོས་བསྒྱུར་འཕེལ་རྒྱས་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁུལ་གྱི་སྤུས་ཚད་སྔར་བས་ལེགས་སུ་གཏོང་ཆེད། དཀར་མཛེས་རྫོང་གིས་གླིང་ག་གྲོང་ཁུལ་དང་གཞིས་ཆགས་འཚམ་པའི་གྲོང་ཁུལ། གསར་བརྗེའི་གྲོང་ཁུལ་གྲགས་ཅན་། ཚོང་དོན་གྲོང་ཁུལ་གྲགས་ཅན། ཡུལ་སྐོར་གྲོང་ཁུལ་གྲགས་ཅན་བཅས་འཛུགས་པའི་དམིགས་འབེན་ལ་དམིགས་ནས། གྲོང་ཁུལ་གསར་སྒྱུར་དང་། ཁུལ་གསར་རྒྱ་སྐྱེད། ཐོན་གྲོང་མཉམ་འདྲེས། ཁང་རྙིང་ཉམས་གསོ། སྤུས་ཚད་མཐོར་འདེགས་བཅས“བྱ་སྤྱོད་ལྔ”ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གྲོང་ཁུལ་བསྐྱར་སྐྲུན་གྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས། “འཕྲེད་བདུན་དང་གཞུང་བཅུ་གཅིག”གི་གྲོང་ཁུལ་གཞུང་ལམ་སྒྲོམ་གཞི་སྤྱིར་ན་བསྐྲུན་ཟིན་ཞིང་།
“གྲོང་ཁུལ་ལྔའི”འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྫོང་མཁར་གྱི་བསྐྲུན་ཁྱོན་སྤྱི་ལེ་ངོས་གྲུ6.65ལ་ཟིན་པ་དང་། གླིང་གའི་སྤང་ཐང་སྤྱི་ཆིང179.76བསྐྲུན་པས། སྔོ་སའི་བསྡུར་ཚད་བརྒྱ་ཆ27.03ལ་ཟིན་ཡོད། ཕྱོགས་བསྡུས་ཐེག་ནུས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཞིང་འཕེལ་རྒྱས་ཀྱི་སྤུས་ཚད་མགྱོགས་མྱུར་ལེགས་སུ་ཕྱིན་ཡོད།
2022ལོར་རང་རེའི་རྫོང་ལ་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར11ལ་ཟིན་ཡོད་ཅེས་དཀར་མཛེས་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་དེ་ལྟར་བཤད།
ད་ཆའི་དཀར་མཛེས་རྫོང་དུ་འཚོ་བ་སྐྱེལ་བ་ལ། གཙང་སྦྲ་བག་ཆགས་ཀྱི་གྲོང་ཁུལ་ཁོར་ཡུག་དང་སྟབས་བདེའི་མྱུར་བགྲོད་གཞུང་ལམ་ཡོད་ཅིང་། སྒོ་ཕྱིར་བསྐྱོད་པ་དང་གླིང་གར་སླེབས། མིག་ཕྱེ་བ་དང་མཛེས་ལྗོངས་མཐོང་། འཆར་འགོད་དང་འཛུགས་སྐྲུན་གྱི་ཚད་མཐོ་ཞིང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་གྲོང་གསར་ཞིག་དར་ཞིང་འཕེལ་བཞིན་ཡོད་དོ།།
(ལྷ་འཛོམས་ཀྱིས་བསྒྱུར་ནས་ཞུས།)