ལོ་རེའི་སྤྱི་ཟླ6པའི་ཚེས་གཅིག་ནི་གནམ་འོག་གི་བྱིས་པ་ཚོ་ཁོ་ནར་དབང་བའི་ཉིན་མོ་དེ་ཡིན་ལ། ཁོ་ཚོས་རྡེའུ་དཀར་ནག་གི་རྩེ་ར་སྒྲིག་ཆོག་ལ། ཨ་ཁུ་སྤྱང་ཀི་དང་ཨ་མ་དྲེད་མོང་གི་གཏམ་རྒྱུད་གླེང་ཆོག་པའི་ཉིན་མོ་དེ་ཡིན། བྱིས་པ་ཚོས་འཇའ་ཚོན་སྣ་ལྔའི་བྲོ་གར་འཁྲབ་སྟེ། སྲིད་པའི་བ་ཆུང་བཤའ་གླུ་དང་འབྲས་དཀར་བསམ་པའི་དོན་འགྲུབ་ཀྱི་དབྱངས་རྟར་འཇུས་ཏེ་མཚར་སྡུག་གི་གར་སྟེགས་བསྐྲུན་པའི་ཉིན་མོ་ཡིན། དྲུག་གཅིག་བྱིས་པའི་དུས་ཆེན་ནི་བརྩེ་འཛུམ་དང་སྤྲོ་སྐྱིད་མངོན་སའི་གར་སྟེགས་ཡིན་ལ། གླུ་གར་དང་ཞབས་བྲོ་ཡི་དབྱངས་སྙན་བར་སྣང་ལ་ཁྱབ་པའི་ཉིན་མོ་ཡིན། བྱིས་པ་ཚོའི་རང་རང་གི་ཁྱད་ཆོས་ངོམ་པའི་འདུ་ར་ཕྲ་མོ་དེའང་ཡིན།
སྤྱི་ཟླ6པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཤར་བཞག་མོ་ཞེས་པའི་གངས་རྒན་དེའི་འདབས་རོལ་ལ་ཆགས་ཤིང་། ཤེས་རིག་གི་འོད་སྣང་དྲོན་མོས་ཡུལ་ཁམས་ཤིག་ལ་བདེ་དྲོད་སྩོལ་བཞིན་པའི་སློབ་གླིང་ཞིག་སྟེ། དར་མདོ་གྲོང་ཁྱེར་མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སྦྱངས་ནས་རུ་མི་ཡག་པོ་ཞིག་བྱ་རྒྱུ་བརྩོན་ལེན་བྱེད་ཅེས་པའི་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོར་མི་ཉག་རྡོ་ར་དཀར་མོ་སློབ་གྲྭ་ཞེས་མི་ཉག་གི་ཡུལ་ཁམས་ལ་ཤེས་རིག་གི་མངར་བཅུད་འཛོམས་ཤིང་སློབ་བུ་མང་པོ་རིག་པའི་ལམ་ཁར་འདྲེན་ཞིང་མི་ཚེ་ཡི་དོན་སྙིང་རྙེད་པའི་བསྐལ་བ་བསྐྲུན་ནས་སློབ་གྲྭ་འདི་ཉིད་ཕྱག་འདེབས་པ་པོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་སྐུ་དངོས་ཕྱག་ཕེབས་གནང་བ་དང་། དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་དང་། ལྷ་སྒང་ནང་བསྟན་སློབ་གླིང་། ཁམས་བོད་ཕན་བདེ་སློབ་གྲྭ་སོགས་ཀྱི་མགོ་ཁྲིད་བྱེད་སྒོར་ཞུགས།
བྱེད་སྒོར་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གི་གསུང་བཤད་དང་བཀའ་སློབ་གནང་བ་དང་། མཐར་ཕྱིན་སློབ་མའི་འཐུས་ཚབ་པས་གཏམ་བཤད་བྱས། སློབ་གྲྭ་ཡོངས་ཀྱི་བྱ་དགའི་གཟེངས་བསྟོད་ཐོབ་མཁན་གྱི་འཛིན་གྲྭ་དང་སློབ་མ་དག་ལ་བྱ་དགའ་གནང་བ་དང་། འཛིན་གྲྭ་སོ་སོའི་རིག་རྩལ་འཁྲབ་སྟོན་སོགས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་རེ་རེ་བཞིན་ལེགས་པར་གྲུབ་ནས་དགེ་སློབ་ཁྱིམ་བདག་ཡོངས་ཀྱི་སེམས་ཁམས་སྐྱིད་ལ་བསྐུལ་ནས་མཇུག་གྲོལ་བའོ།།
( ཨོ་རྒྱན་གྱིས་བྲིས་ཤིང་པར་བླངས།)