དཔྱིད་ཀ་ཁ་ཁུ་སིམ་མེར་ངང་ནས་སླེབས་བྱུང་། ང་ཡི་མིག་ལམ་དུ་སྔོ་ལྗང་རྩྭ་ཐང་། ཞིང་པ་རྣམས་ཀྱིས་རྨོས་འདེབས་པ། ཕྲུ་གུ་རྣམས་ཀྱིས་ཆུ་ལ་རྩེད་མོ་རྩེ་བ་སོགས་ཀྱི་སྣང་ཚུལ་པར་རིས་བཞིན་འཆར།
ཕ་ཡུལ་གྱི་ནམ་དུས་བཞིའི་ཡུལ་ལྗོངས་ནི་ཡི་གར་འོང་བ་དང་། ལྷག་པར་དུ་དཔྱིད་ཀ་ནི་ནམ་དུས་མཛེས་ཤོས་ཤིག་ཡིན། དཔྱིད་དུས་སྐབས་རེ་ཆར་པ་ཟིམ་ཟིམ་དུ་བབས་པས་རི་བོ་དང་། རྩྭ་ཐང་། ཞིང་ཐང་ཐམས་ཅད་སྣུམ་ཤིག་ཤིག་ཏུ་གྱུར་ཅིང་། རྩྭ་ཐང་དུ་ལུག་ཁྱུ་རྣམས་བདེ་བས་རྩྭ་ཆུར་རོལ་བ་ནི་སྔོ་ལྗང་གི་གདན་སྟེང་དུ་རབ་དཀར་མུ་ཏིག་གི་ཕྲ་རྒྱན་བཏབ་པ་དང་ཀུན་ནས་མཚུངས་ཤིང་མཁའ་རླུང་ཡང་བརླན་གཤེར་ཅན་དུ་གྱུར།
ནམ་དུས་དཔྱིད་ཀ་འདི་འདྲའི་མཛེས་པ་ལ། དྭངས་གཙང་གི་ཆུ་མོ་ཤང་ཤང་དུ་རྒྱུགས་ཤིང་སྐྱིད་པའི་བྲོ་གར་འཁྲབ་པ་དང་། བྱ་དང་བྱིའུ་སྣ་ཚོགས་ཀྱིས་སྐྱིད་པའི་གླུ་དབྱངས་ལེན་པ། དྲི་བཞོན་རླུང་གི་འགྲོས་ལ་བརྟེན་པའི་རྩྭ་རྩི་ཤིང་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་འཕྱོ།
དཔྱིད་ཀ་ཁ་ཁུ་སིམ་མེར་ངང་ནས་སླེབས་བྱུང་། དཔྱིད་ཀྱི་མཛེས་པས་ང་རང་རྨོངས་ཉིད་ལས་སད་དེ་དཔལ་ཡོན་ལ་ཅི་གར་ལོངས་སྤྱོད་བྱེད་དུ་བཅུག་བྱུང་། ང་རང་དཔྱིད་ཀ་ལ་དགའ། ང་རང་དཔྱིད་ཀ་ལ་ཧ་ཅང་དགའ།
༼ བརྒྱད་པའི་དང་པོ།དངོས་གྲུབ་མཚོ་མོ།༽