(ཁམས་པའི་འཛུམ་མདངས་སྤྱིའི་ཨང10209པའི་པར་ངོས་གཉིས་པའི་འཕྲོར་མཐུད།)
བཞི། ཆོ་གའི་དངོས་ལས་སྡེ་བ་དང་ཚོ་བར་འབོད་བརྡ་གཏོང་བའི་སྐོར།
ལོ་དེའི་ཚེས་ལྔའི་ཉིན་ཏེ། ཉིན་དེ་ནི་སྐྲ་སྟོན་ཆོ་གའི་མཛད་སྒོའི་ཉིན་མོ་ཡིན་ལ། མཁའ་མོ་མཚོར་མཚོན་ན་ཆེས་གལ་ཆེ་བའི་ཉིན་མོ་རེད། སྐྱ་རེངས་མ་བཀྱག་པའི་ཡར་སྔོན་ཞིག་ནས་མཁའ་མོ་མཚོའི་རྨོ་མོ་དང་མོའི་ཨ་མ་གཉིས་ཀྱིས་མོར་རྒྱན་གོས་སོགས་ཀྱི་གཟབ་མཆོར་ལེགས་པོར་སྤྲས་ཤིང་། ཉིན་དེར་མཁའ་མོ་མཚོར་ཆེས་ཐོག་མའི་ལས་ཀ་གལ་ཆེན་ཞིག་ཡོད་པ་ནི་མོ་དང་རང་གི་བག་རོགས་གཉིས་ཀྱིས་སྡེ་བ་དང་ཚོ་བའི་ཁྱིམ་མི་རྣམས་ལ་སྔ་མོ་ནས་འབོད་བརྡ་གཏང་རྒྱུ་དེ་རེད། ཡུལ་འདིའི་གོམས་སྲོལ་ལྟར་མོའི་བག་རོགས་གཉིས་དང་མོ་རང་སྡེ་བའི་དུད་ཁྱིམ་རེ་རེར་འཛུལ་ནས་སྐྲ་སྟོན་ཆོ་གའི་སྟེང་ཐོན་པར་འབོད་བརྡ་གཏང་དགོས་ལ། འདི་ལྟར་དུད་ཁྱིམ་རེ་རེར་འབོད་བརྡ་གཏོང་སྐབས་སྐྲ་སྟོན་བག་མས་ཁ་མི་གྲགས་པར་བག་རོགས་གཉིས་ཀྱིས་འབོད་བརྡ་གཏོང་བ་ཞིག་རེད། རྒྱུ་མཚན་མི་དར་མར་གྱུར་ཚེ་ཁྲེལ་དང་བག་ཡོད་དགོས་ལ། དེང་ཕྱིན་བྱིས་བློའི་སྤྱོད་པ་སོགས་སྤང་དགོས་པའི་གནད་མཚོན་པར་བྱེད་པ་ཡིན་པའི་བཤད་སྲོལ་འདུག།
ཁོ་ཚོ་ཐོག་མར་ཁྱིམ་མཚེས་ལྷ་མཁར་ཚང་དུ་འབྱོར། ཏག་ཏག་ཁྱིམ་མཚེས་ཚང་གི་ནངས་བསང་ཕུད་པའི་སྐབས་རེད། སྙན་ལྷང་ལྷང་གི་དུང་དཀར་གཡས་འཁྱིལ་གྱི་སྒྲ་དང་སྔོ་ལྷོག་ལྷོག་གི་ལྷ་བསང་དུ་སྤྲིན་ལ་དམིགས་ན་དེ་རིང་གི་བསང་མཆོད་ཀྱི་སྨོན་འདུན་ནི་ཆེད་དུ་མོར་གྲ་སྒྲིག་བྱས་པ་དང་འདྲ་ལ། ཁྱིམ་བདག་མ་ཨ་ཅེ་ཡིད་བཞིན་གྱིས་མོར་བཀྲ་ཤིས་རྟེན་འབྲེལ་གྱི་དངོས་ཟོག་འཛོམས་ཚོད་རེ་སྟེར་བ་ནི་མོ་མ་འོངས་པར་རྒྱུ་འབྱོར་བ་ལྡན་ཞིང་འཚོ་བ་བདེ་སྐྱིད་ཡོང་བའི་རྟེན་འབྲེལ་ཡོད། ཁྱིམ་རེ་རེར་འབོད་བརྡ་བཏང་ནས་ཕྱིར་རང་ཁྱིམ་དུ་ལོག་ན་ལག་སྟོང་མིན་པར། དུད་ཁྱིམ་རེ་རེས་མོར་ཀ་ར་སིལ་ཏོག་གཙོས་པའི་དངོས་ཟོག་སྣ་ཚོགས་ཀྱི་སྨོན་འདུན་བསྣམས་ནས་ཁྱིམ་དུ་ལོག་དགོས་པ་ཞིག་ཡིན་པར་བཤད། མཁའ་མོ་མཚོས་ཞོགས་པའི་དུས་ཚོད་དྲུག་པ་ནས་དགུ་པའི་བར་དུད་ཁྱིམ་རེ་རེར་འབོད་བརྡ་བཏང་ཚར་ནས་ཕྱིར་རང་ཁྱིམ་དུ་ལོག་བྱུང་། མོར་བྱིན་པའི་ལེགས་སྐྱེས་མང་ཆེ་བ་ནི་ཀ་ར་དང་སིལ་ཏོག་ཡིན་ལ། སྒོར་མོ་གཅིག་ཅན་དང་གཉིས་ཅན་ཡོད་པར་མ་ཟད། ད་དུང་རི་མོ་མི་འདྲ་བའི་དཀར་ཡོལ་ཡང་ཡོད་པས། ལེགས་སྐྱེས་འདི་དག་ནི་མོའི་མ་འོངས་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་མཚོན་སྟངས་མི་འདྲ་བ་རེ་རེ་ཡིན།
ལྔ། ཆོ་ག་དངོས་ལས“གོང་བཏགས”
འཇོག་པའི་སྐོར།
དུས་དེ་རིང་ནི་སྡེ་འདིའི་ཡུལ་སྲོལ་ལྟར་བུ་མོར་གོང་བཏགས་འཇོག་པའི་དུས་ཚོད་ལ་སླེབས་ཡོད་ལ། སྡེ་མི་ཆོས་འཛོམས་ལ་མཚོན་ན། ལས་འདིའི་གོ་རིམ་ལ་ཅུང་བྱང་ཆ་ཡོད་པས་མི་ཚད་འགན་ཕྲག་ཏུ་ཁུར་བ་ཞིག་ཡིན་པས། ད་ཐེངས་ཀྱང་ཁོས་ཁྱིམ་བདག་གིས་ལས་བཅོལ་དང་དུ་བླངས་ནས་གོང་བཏགས་འཇོག་སྐབས་ཀྱི་ཆོ་གའི་སྐོར་ལ་གྲ་སྒྲིག་བྱེད་བཞིན་ཡོད། ཁོས་ཐོག་མར་གདན་དཀར་གྲུ་བཞིའི་སྟེང་དུ་ནས་དཀར་དྲུག་མོས་གཡུང་དྲུང་གི་རི་མོ་བྲིས་ཏེ། བཀྲ་ཤིས་རྟགས་མཚན་གྱི་གདན་དཀར་སྟེང་དུ་བུ་མོར་གྲ་སྒྲིག་བྱས་ཡོད་པའི་ཕྲུག་ཚ་རུ་དང་གཡུ་བྱུ་རུ་སོགས་གོན་པ་དང་འདོགས་ཆ་ཡོད་ཚད་གྲལ་གཅིག་ཏུ་བཞག་ཅིང་། གོན་པ་དང་འདོགས་ཆ་ཡོད་ཚད་ལ་ལྷ་ཤིང་ཤུག་པ་དང་ཙན་དན་སོགས་དྲི་ཞིམ་རིགས་ཀྱིས་བདུགས་ཏེ་དག་གཙང་བྱེད་བཞིན་ཡོད་ལ། ཏག་ཏག་སྐབས་འདིར་མཁའ་མོ་མཚོའི་སྤོ་བོ་ལས་ཀ་འདིར་བྲེལ་བཞིན་མཆིས། སྔགས་པའི་འདོན་པ་དང་བསྟུན་ཏེ་གོན་པ་དང་འདོགས་ཆ་རྣམས་གོ་རིམ་ལྟར་རེ་རེ་བཞིན་གོན་དགོས་པའི་སྲོལ་ཡོད་པ་དང་། གོ་རིམ་འདི་ལ་ཡུལ་འདིས“གོང་བཏགས”འཇོག་པ་ཞེས་ཟེར། ཡུལ་སྲོལ་ལྟར་ཐོག་མར་བུ་མོས་ལྭ་བའི་ཕུ་ཐུང་གོན་དགོས་ལ། ཕུ་ཐུང་གཉིས་ཀ་ནི་སོ་སོར་ཨ་ཕ་དང་ཨ་མ་གཉིས་ཀྱི་སྐལ་ཡིན་པར་བཤད་སྲོལ་ཡོད་པས། ཕ་མ་གཉིས་ཀྱི་སྨོན་འདུན་ལེགས་སྐྱེས་མ་འབྱོར་ཚེ་ཕུ་ཐུང་ནང་དུ་ལག་པ་མི་གཏོང་ཞིང་མི་གོན་པ་ཞིག་རེད། ཨ་ཕའི་སྨོན་འདུན་ལེགས་སྐྱེས་འབྱོར་བ་ན་མོས་མྱུར་དུ་ཕུ་ཐུང་གཡས་པ་གོན་བྱུང་ལ། ད་དུང་ཕུ་ཐུང་གཡོན་པ་ནི་སུ་ལ་སྒུག་ཡོད་དམ། མ་གཞི་དེ་ནི་མོའི་ཨ་མ་ལགས་ལ་སྒུག་ཡོད་པ་མ་ཡིན་ནམ། འདི་ལྟར་རང་ཁྱིམ་གྱི་ཕ་མ་གཉིས་གཙོ་བྱས་ཏེ་སྤོ་བོ་དང་རྨོ་བོ་སོགས་ཀྱི་སྨོན་འདུན་ལེགས་སྐྱེས་བྱིན་ནས་གོན་པ་ཡོད་ཚད་གོ་རིམ་བཞིན་གོན་དགོས་པ་ཞིག་ཡིན་ཞིང་། ཞོར་དུ་ཆོ་གའི་ལུགས་སྲོལ་ཡང་གྱ་ནོམ་པ་ཡོད་པ་སྟེ། “སྟོད་དབུས་ཚང་ཆོས་ར་ཚོགས་དང་ཟིག། ཕ་བླ་མར་ཞལ་གསུང་ཅི་ཡོད་ཀི།ནངས་སྔ་མོའི་ཚོགས་བརྡ་རྒྱག་དུས་ན།།དུང་དཀར་བོ་ཁོག་ལ་དབུགས་དགོས་ཀི།དབུགས་མེད་ན་དུང་དཀར་གྲག་དཀའ་ཀི།སྨད་རྒྱ་ནག་ཚོང་ར་ཚོགས་དང་ཐལ།།ནང་རྒྱལ་བོར་ཞལ་གསུང་ཅི་ཡོད་ཀི།ནངས་སྔ་མོའི་ཚོང་འགོ་འབྱེད་དུས་ན།།རྟ་དཀར་བོ་གོང་ལ་གོས་དགོས་ཀི།གོས་མེད་ན་ཚོང་འགོ་འབྱེད་དཀའ་ཀི།ནང་ཁྲོམ་པ་གྲལ་ལ་འཚོགས་དང་ཐལ།།ནང་ཨ་ཁུར་ཞལ་གསུང་ཅི་ཡོད་ཀི།ནངས་སྔ་མོའི་བག་ཚིག་འཛིན་དུས་ན།།དུང་གོར་མོའི་ཁོག་ལ་དབུགས་དགོས་ཀི།འགེབས་མེད་ན་སྤོབས་པའི་མི་ལོངས་ཀི།”ཞེས་འགེབས་པ་ཞེས་པའི་བཤད་པ་ཁ་ཚང་ཞིག་ཡོད་པ་དང་། “སྟོད་དབུས་གཙང་ཡུལ་དུ་ན་ནིང་བུད་ཟིག།ཕྲུག་མི་གཅིག་ཐིག་ལེ་དགུ་བརྒྱ་ཡོད་ཀི།ཕ་བླ་མ་གསུམ་གྱི་རབ་གནས་ཡོད་ཀི།དུང་དཀར་བོ་འདྲ་བའི་འུར་འུར་ཞིག་གྲག་དགོས།།སྨད་རྒྱ་ནག་ཡུལ་ནས་ན་ནིང་བུད་བཟི།།གོས་མི་གཅིག་འཁོར་ལོ་རང་བྱོན་ཡོད་ཀི།བུ་དཔའ་བོ་གསུམ་གྱི་ཐམ་ག་ཡོད་ཀི།རྟ་འདོ་བ་འདྲ་ཞིག་འཚེར་དགོས་ཀི།ནང་ཁྲོམ་པ་གྲལ་ནས་ད་ནངས་བུད་བཟི།།དར་མི་གཅིག་ཁ་ཚར་རང་བྱན་ཡོད་ཀི།ནང་ཨ་ཁུ་གསུམ་གྱི་ཁ་གཡང་ཡོད་ཀི། བྱ་ཁུ་བྱུག་འདྲ་ཞིག་གྲག་རྒྱུ་ཟེར་གི།”ཞེས་འགེབས་ལན་ཞེས་པའི་བཤད་པ་ཞིག་གི་གོ་རིམ་ཡོད་ལ། ཞོར་དུ་བཀྲ་ཤིས་ཁ་གཡང་གི་དངོས་གྲུབ་སྩོལ་བའི་བཤད་པའི་གོ་རིམ་རྨ་མེད་ཅིང་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་ཆོ་ག་སྟེ། “མཆོད་ཨཱྃ་མ་ཧཱུྃ། ཆོས་ཀྱི་ཀུན་ཏུ་བཟང་བོ་མཆོད། འཇའ་ལུས་མཆེད་པའི་དངོས་གྲུབ་སྩོལ། ལོངས་སྐུ་ཐུགས་རྗེ་ཆེན་པོ་མཆོད། མགོ་དྲུག་འཇམ་པའི་དཔལ་དུ་རོལ། སྤྲུལ་སྐུ་པདྨ་འབྱུང་གནས་མཆོད། བོད་ཁམས་སྐྱོང་བའི་ཐུགས་རྗེ་གཟིགས།”ཞེས་ཁ་གཡང་དངོས་གྲུབ་ཀྱི་སྨོན་ལམ་བཏབ་རྗེས། “ངའི་ལག་གི་དཀར་ཡོལ་འབྲུག་མ་འདི།།བུད་པ་རྒྱ་ནག་ཡུལ་ནས་ཡོང་།།རྒྱ་བསོད་ནམས་ཅན་གྱི་ལག་ནས་ཉོས།།བོད་ཁ་བ་ཅན་ལ་གནང་ནི་རེད།།དེའི་ཞབས་ན་པདྨ་འདབ་བརྒྱད་ཡོད།།པདྨ་འདབ་བརྒྱད་བཀད་ནས་ཡོད།།སྐེད་ན་གཡུང་དྲུང་ལུགས་བརྒྱད་ཡོད།།གཡུང་དྲུང་ལུགས་བརྒྱད་བརྒྱན་ནས་ཡོད།།ཁ་ན་འཁོར་ལོ་རྩིབས་བརྒྱད་ཡོད།།འཁོར་ལོ་རྩིབས་བརྒྱད་འཁོར་གི་ཡོད།།དེའི་ནང་ན་བདུད་རྩི་བསིལ་མའི་ཆང་ཞིག་ཡོད།།རང་གིས་མ་འཐུང་གནམ་ལ་མཆོད།།ཨ་མ་གོང་མ་རྒྱལ་མོར་མཆོད།།རང་གིས་མ་འཐུང་བར་སྣང་ཁམས་ལ་མཆོད།།ལྷ་རིགས་ཁྲི་མ་འབུམ་ལ་མཆོད།།རང་གིས་མ་འཐུང་ས་ལ་མཆོད།།ཀླུ་རིགས་ས་ཡ་དུང་ཕྱུར་མཆོད།།རང་གི་མ་འཐུང་ཁྱིམ་ལ་མཆོད།།ཁྱིམ་གྱི་ལྷ་དང་སྲུང་མར་མཆོད།།ངའི་ལག་གི་སྦྲང་དཀར་རྩམ་པའི་ཁྲི་སྟེང་ན། འབྲི་མར་སེར་བོའི་རྒྱན་ཞིག་ཡོད། འབྲི་ཐུལ་མ་བརྒྱ་ཡི་འབྲི་མར་རེད། མགོ་ལ་བྱུག་ན་མགོ་འཕང་མཐོ། ཕྲག་གཡས་ལ་བྱུག་ན་གཡས་པར་གསེར་གྱི་ཉི་མ་ཤར། ཕྲག་གཡོན་པར་བྱུག་ན་གཡོན་པར་དངུལ་གྱི་ཟླ་བ་ཚེས། ཁ་ལ་བྱུགས་ན་ཁ་ལས་རླུང་རྟ་དར། མགོ་ཡང་སྐྱ་མོ་ཝ་ཡིས་བརྒྱན། ཝ་དམར་བོ་དབུས་གཙང་ཡུལ་ལ་མཆོད། དབུས་དགའ་ལྡན་གསེར་ཁྲི་མཛོད་ནས་ཉོས། སེར་བོ་གསེར་གྱི་རིན་པ་དེ། ཉི་མ་སེར་བོའི་དོ་ཟླ་རེད། འདི་གོན་གི་སྐལ་བ་ཁྱོད་ཡོད་ཀི། མགོ་ལ་གོན་པའི་ཕྱིན་ཆད་ནས། མཚན་སྙན་གྲགས་གཡུ་འབྲུག་སྔོན་མོ་བཞིན། གླིང་བཞི་ཀུན་ལ་ཁྱབ་པར་ངེས། ལུས་གཅིག་ཕྲ་མོ་གོས་ཀྱིས་བརྒྱན།།རྒྱ་ཚོང་དཔོན་ནོར་བུའི་ལག་ནས་ཉོས།།དཀར་ཡོལ་དངུལ་གྱི་རིན་པ་རེད།།ཟླ་བ་དཀར་པོའི་དོ་ཟླ་རེད།།འདི་གོན་པའི་བསྐལ་བ་ཁྱོད་ཡོད་ཀི།ལུས་ལ་གོན་པའི་ཕྱིན་ཆད་ནས།།ལས་བསོད་ནམས་ཡར་ངོའི་ཟླ་བ་བཞིན།།ཕྱོགས་མུན་པ་སེལ་བའི་མགོན་དུ་གྱུར།།སོག་པ་ལེབ་མོ་དུང་གིས་བརྒྱན།།དུང་དཀར་པོ་གླིང་དཀར་སྟོད་ནས་ཡོང་།།གླིང་སེང་ལྕམ་འབྲུག་མོའི་ལག་ནས་ཉོས།།རྟ་དཀར་པོ་དྲུག་གི་རིན་པ་རེད།།སྨིན་དྲུག་ཁྲ་མོའི་དོ་ཟླ་རེད།།འདི་འདོགས་ཀི་བསྐལ་བ་ཁྱོད་ཡོད་ཀི།དེ་རྒྱབ་ལ་བཏགས་པའི་ཕྱིན་ཆད་ནས།།ཁ་ལས་རླུང་རྟ་དཀར་པོ་བཞིན།།ཕྱི་དབུས་མཐའ་མེད་པར་བརྒྱུག་རྒྱུ་རེད།།རིན་ཆེན་གསེར་གྱི་ས་གཞི་ལ།།དཔག་བསམ་ལྗོན་པའི་ཤིང་ཞིག་བཙུགས།།ལྷོ་སྤྲིན་བཞིན་དུ་རྩ་བ་རྒྱས།།སྐྱེ་དགུ་འཛོམས་པའི་བཀྲ་ཤིས་ཤོག།འཇའ་ཚོན་བཞིན་དུ་ཡལ་ག་རྒྱས།།བཟང་དགུ་གསུམ་འཛོམས་པའི་བཀྲ་ཤིས་ཤོག།སྐར་ཚོགས་བཞིན་དུ་ལོ་མ་ཐོགས།།བསམ་དགུ་འཛོམས་པའི་བཀྲ་ཤིས་ཤོག།ཉི་ཟླ་བཞིན་དུ་མེ་ཏོག་བཞད།།མཛེས་དགུ་རྒྱན་པའི་བཀྲ་ཤིས་ཤོག།ཡིད་བཞིན་ནོར་བུའི་འབྲས་བུ་སྨིན།།འདོད་དགུ་འབྱུང་བའི་བཀྲ་ཤིས་ཤོག།”ཅེས་གོན་པ་དང་འདོགས་ཆ་སྣ་ཚོགས་ཀྱིས་མོར་ཡོངས་སུ་སྤྲས་ཤིང་། སྨོན་འདུན་ཕྱྭ་གཡང་གིས་ཕྱུག་པའི་བཀྲ་ཤིས་ཁ་གཡང་སྣ་ཚོགས་ཀྱིས་མོའི་ཡིད་སེམས་གསོ་བར་བྱེད་པ་ཞིག་ཡིན་ལ། ཡུལ་འདི་གས་འདིའི་ཆོ་གའི་གོ་རིམ་ཡོངས་ལ“བྲང་ཁ་གསོ་བ”ཟེར། བྲང་ཁ་གསོ་བ་ནི་སྡེ་གཅིག་པའི་རང་གི་ན་མཉམ་རྩེད་གྲོགས་དང་། ཤ་ཉེ་རིང་། ཕུ་ནུ་མིང་སྲིང་སོགས་ཀྱིས་བག་མར་ནང་སེམས་ཀྱི་སྨོན་འདུན་བཟང་བོ་དང་ཕྱི་སྣོད་ཀྱི་འདོད་རྒུ་ལོངས་སུ་སྤྱོད་པར་སྨོན་འདུན་གྱི་ཕྱྭ་གཡང་སྩོལ་བའི་གོ་རིམ་ཞིག་ཡིན་པར་བཤད།
དྲུག ཤ་ཉེ་རིང་དང་མ་སྲུ། “ཆར་བ”བརྒྱ་ཐམ་པ་བསྟོད་དེ“མ་ཇ”ལྡུད་པའི་སྐོར།
གོང་བཏགས་བཞག་ཚར་རྗེས། བག་ངུས་ལེན་མཁན་བུད་མེད་དར་མ་ཚོས་བག་ངུས་ཀྱི་དབྱངས་རྟའི་ཁྲོད་དཀྱིལ་ཀར་བསྐོར་བ་ལན་གསུམ་བརྒྱབ་སྟེ། བག་མའི་ཁ་ཕྱིར་འཁོར་དུ་བཅུག་ཅིང་། གཡང་མདའ་མགོ་ཐོག་ཏུ་བསྐོར་ནས་ཡུན་གྱིས་ཁ་ཕྱིར་འཁོར་ཏེ་རང་ཁྱིམ་གྱི་སྒོ་ཆེན་ཁར་བསྐྱོད་དགོས་པ་ཞིག་ཡིན་ལ། སྒོ་ཆེན་ཁ་དང་སྒོ་མདུན་ནས་རང་གི་ཤ་ཉེ་བསྟོད་པ་ཞིག་རེད། འདིར་ཤ་ཉེ་རིང་དང་མ་སྲུ་སོགས“བསྟོད་པ”ཞེས་པ་ནི་སྐྲ་ཕབ་བག་མ་མོའི་རང་གི་ཁྱིམ་རྒྱུད་ཉེ་རིང་དང་། ན་མཉམ་བློས་ཐུབ་གྲོགས་པོ་གཙོ་བྱས་ཏེ་ཕ་མ་གཉིས་ཀྱི་ཉེ་རིང་དང་སྤུན་ཟླ་གྲོགས་པོ་ཡོངས་ལ་རང་སེམས་ཀྱི་གུས་སེམས་མངོན་ཕྱིར་ཁོང་ཚོར་བརྩེ་བའི་ལག་བརྡ་དང་ངག་གི་དབྱངས་འགྲོས་ཁྲོད་བདུད་རྩི་འདྲེན་པ་ཞིག་ཡིན་ལ། ཁྱིམ་རྒྱུད་དང་ཤ་ཉེ་རིང་། སྤུན་ཟླ་གྲོགས་པོ་ཚོས་ཀྱང་མོར་སྨོན་འདུན་དང་ཕྱྭ་གཡང་གི་ལག་སྐྱེས་འཛོམས་ཚོད་རེ་སྟེར་བའི་གོ་རིམ་ལ་བརྗོད་པར་བཤད། འདི་ལྟར་ཁ་ཕྱིར་འཁོར་ནས་སྒོ་ཁར་འབུད་པའང་རང་གི་ལྟེ་ཁྲག་ཕུད་སའི་ཕ་ཁྱིམ་འདི་ནམ་ཡང་བརྗེད་མི་སྲིད་ལ། ཕ་མའི་བཀའ་དྲིན་ནམ་ཡང་བོར་མི་སྲིད་པའི་མཚོན་རྟགས་ཡིན་པར་བཤད་སྲོལ་ཡོད།འདི་ལྟར་ཤ་ཉེ་བསྟོད་ཚར་རྗེས། ཆར་དཔོན་དང་། ཇ་མ། ཆུ་ལེན། ཚོ་བ་བརྒྱ་ཐམ་པ་བསྟོད་པ་ཞིག་ཡིན།
ཡུལ་སྲོལ་ལྟར། ཉིན་འདིར་མ་སྲུ་ཚོ་ནི་འགྲུལ་བ་གལ་ཆེན་དུ་བརྩི་བ་ཞིག་ཡིན། རྒྱུ་མཚན་བུ་མོའི་སྐྲ་ཕབ་ན་དབང་ཆ་ཡོད་ཚད་མ་ལ་དབང་བ་ཞིག་ཡིན་པར་བཤད་སྲོལ་ཡོད་པས། ཉིན་འདིར་མ་སྲུ་ཚོར་བརྩི་བཀུར་བྱ་དགོས་ཤིང་། སྐྱེས་པ་རྣམས་ཀྱིས་མ་སྲུ་ཚོ་གོང་དུ་བཀུར་ནས་ཇ་འདྲེན་པ་ཞིག་ཡིན་ལ། གོ་རིམ་འདིར་ཡུལ་འདི་གས“མ་ཇ་ལྡུད་པ”ཞེས་ཟེར། འདིར“ཆར་བ”དང“ཆར་དཔོན”ཞེས་པའང་ཡུལ་འདིའི་ལུགས་སྲོལ་ལྟར་ན་ཚོ་བ་དང་ཚོ་དཔོན་ལ་གོ་དགོས་ཤིང་། སྟོན་མོ་སྤྱི་ལ་བཀོད་སྒྲིག་བྱེད་མཁན་
གཙོ་བོར་གོ་དགོས་པ་ཞིག་ཡིན་པ་དང་། འཚོ་བ་སྤྱི་ལ་བཀོད་སྒྲིག་བྱེད་མཁན་གྱི་ཇ་དཔོན་ནམ་སྟོན་འཛིན་པ་ལྟ་བུར་གོ་དགོས་པ་རེད། དེ་བས། བག་མས་རང་གི་སྐྲ་སྟོན་ཆོ་གར་རོགས་བྱེད་མཁན་གྱི་མི་སྣ་གཙོ་བོ་དག་ལ་ཆེད་དུ་བཀའ་དྲིན་ཞུ་བར་བག་རོགས་ཀྱིས་འགྲོ་རོགས་འོག་མ་སྲུ་ཚོ་དང་ཆར་དཔོན་ལ་ཇ་དང་ཟས་འདྲེན་བྱ་དགོས་པ་ཞིག་ཡིན།
བདུན། སྐེ་གཞུང་ཚོ་བཞིས་འགྲུལ་བ་
བཀོད་སྒྲིག་བྱེད་སྟངས་སྐོར།
འདི་ལྟར་ཉིན་གུང་འདས་རྗེས། བག་མ་དང་བག་རོགས་ཚོ་སྒོ་ཁར་བུད་དེ་འགྲུལ་བར་བསུ་མ་བྱེད་པ་དང་མགྱོགས་སྐད་གཏོང་བ་ཡིན་ལ། ཕྱོགས་བཞིའི་འགྲུལ་བ་དང་སྡེ་བ་དང་ཚོ་བའི་མགྲོན་པོ་རྣམས་འབྱོར་ཚེ། སྟོན་འཛིན་པས་ཚོགས་ར་རུ་གྲལ་བགོ་བ་ཡིན། ཡུལ་འདིའི་གྲལ་བགོ་སྐབས་ལུགས་སྲོལ་གཞན་ཞིག་ཡོད་པ་ནི་གྲལ་ལ་གཡས་གྲལ་དང་། དཀྱིལ(གདོང་གྲལ)གྲལ། གཡོན་གྲལ་བཅས་སུ་བཀར་ཞིང་། གཡས་གྲལ་དུ་ཚོ་བའི་སྔགས་པ་དང་སྔགས་དཔོན་བཀོད་སྒྲིག་བྱེད་པ་ཡིན་ལ། གདོང་གྲལ་དུ་རང་གི་ཚོ་བ་སྟེ་སྐེ་གཞུང་ཚོ་བཞི་འདུག་དགོས། གཡོན་གྲལ་དུ་འགྲུལ་བ་རྣམས་འདུག་དགོས་པ་ཞིག་རེད། གྲལ་གཙོ་བོ་གཡས་གྲལ་དང་གདོང་གྲལ་དུ་རང་གི་སྡེ་བ་དང་ཚོ་བ་བཀོད་སྒྲིག་བྱེད་པ་ནི་སྐེ་གཞུང་ཚོ་བཞི་ཡིས་བུ་མོར་སྐྲ་ཕབ་སྐབས་ཁྲི་ཀའི་ས་ཆ་གཞན་དག་དང་ཐུན་མོང་མིན་པའི་ཡུལ་སྲོལ་ཁྱད་པར་བ་ཞིག་རེད། རྒྱུས་ལོན་པ་ལྟར་ན། ཁོ་ཚོས་འདི་ལྟར་བྱེད་དོན་ཡང་མི་རིགས་རང་གི་ཡུལ་དང་དུས་ཀྱི་ལོ་རྒྱུས་ཀྱི་རྒྱུ་མཚན་ནམ་གནས་ལུགས་ཡོད་པ་སྟེ། བུ་མོར་སྐྲ་ཕབ་པ་ཡིན་ཚེ། ཆོ་གའི་འགྲོ་ལུགས་ཀྱི་དབང་ཆ་ཡོད་ཚད་སྡེ་བ་དང་ཚོ་བར་དབང་བ་ཡིན། རྒྱུ་མཚན་བུ་མོ་སྐྱེས་ས་རང་སྡེ་བ་ཡིན་ལ། ནར་སོན་སའང་རང་སྡེ་བ་ཡིན་པས། ཕ་ཁྱིམ་ནི་བུ་མོ་འཚར་ལོངས་འབྱུང་སའི་རྟེན་གཞི་ཡིན་པ་སུས་ཀྱང་ཁས་ལེན་པ་ཡིན་ལ། སྐྲ་ཕབ་པ་ནི་ཡུལ་གཞན་དུ་གནས་ལ་བྱིན་པ་མིན་པས་ན། རང་གི་སྡེ་བ་དང་ཚོ་བ་གཙོ་བོར་བཞག་ན་འོས་པའི་སྲོལ་ཞིག་གནའ་ནས་ད་བར་དུ་ཆགས་ཡོད་པས་སོ།།
ཁྲི་ཀའི་ཡུལ་གྱི་ས་ཆ་མང་ཆེ་བས་བུ་མོར་སྐྲ་ཕབ་སྐབས་བུ་མོའི་མ་ཕྱོགས་སྟེ་ཨ་ཞང་ཚང་གཙོ་བོར་འཛིན་པ་ཡིན་ལ། སྟོན་ཐོག་ཏུ་ཨ་ཞང་ཚང་གྲལ་གཙོ་བོར་འཇོག་པ་ཡིན། འོན་ཀྱང་ཁྲི་ཀའི་དཀར་བརྗིད་ས་ཆའི་སྐེ་གཞུང་ཚོ་བཞི་ཡིས་སྐྲ་ཕབ་སྐབས་རང་གི་སྡེ་བ་གཙོ་བོར་འཛིན་པའང་སྲོལ་རྒྱུན་གྱི་གནས་ལུགས་གཞན་ཞིག་གི་དགེ་མཚན་ཡོད་པ་མ་ཡིན་ནམ།
བརྒྱད། གླུ་ལེན་གར་རྩེར་རོལ་ཏེ་
མཇུག་བསྡུ་བའི་སྐོར།
ཁྲི་ཀ་དཀར་བརྗིད་ཡུལ་ཚོ་སྐེ་གཞུང་ཚོ་བཞིའི་ཡུལ་སྲོལ་ལྟར་ཉིན་གཅིག་རིང་གི་གཟབ་ལ་རྒྱས་ཤིང་དམངས་སྲོལ་གྱི་རྫོང་སྟུག་པོའི་སྐྲ་སྟོན་གྱི་ཆོ་གའི་གོ་རིམ་ཡོད་ཚད་རྟགས་དང་རྟེན་འབྲེལ་གྱི་སྨོན་འདུན་ཀློང་ནས་རིམ་བཞིན་མཚན་མོར་སླེབས་བྱུང་ལ། ཕྱོགས་བཞིའི་མགྲོན་པོ་དང་སྐེ་གཞུང་ཚོ་བཞིའི་འགྲུལ་བ་རྣམས་རང་རང་གི་གྲལ་གྱི་སྒྲིག་རིམ་ལྟར་ཀྱིག་སེར་འཚོགས། ཡུལ་སྲོལ་ལྟར་གླུ་ལེན་གར་རྩེའི་འགོ་བརྩམས་ཤིང་། ཆོ་གའི་གོ་རིམ་ལྟར་བག་ངུས་ལེན་པ་དང་། ཐག་རིང་གི་འགྲུལ་བ་བསྟོད་པ། མ་སྲུ་བརྒྱ་ཐམ་པ་བསྟོད་པ། དེར་མཐུད་མ་ཇ་ལྡུད་པ་དང་ལེགས་སྐྱེས་འབུལ་ཞིང་ཕྱིར་བཅོས་ཏེ་ཆོ་ག་མཇུག་བསྡུ་བ་ཞིག་ཡིན་ཞིང་། མཐར་སྔགས་པས་བཀྲ་ཤིས་འདོན་དབྱངས་ཀྱི་སྙན་འགྲོས་ཁྲོད་ཆོ་ག་ཡོད་ཚད་མཇུག་རྫོགས་པ་ཞིག་ཡིན་ལ། མཁའ་མོ་མཚོའང་གཟབ་ལ་རྒྱས་པའི་ཆོ་གའི་སྨོན་འདུན་ཡོད་ཚད་ཀྱི་གོ་རིམ་ཁྲོད་ནས་འདི་ལྟར་ནར་སོན་ཏེ་དར་མར་གྱུར་པ་རེད།།
༼ ཀྲུང་གོ་བོད་ཀྱི་དྲ་བ་ནས་དྲངས། ༽