སྣང་བ་གླུ་རུ་བླངས་པའི་ཚོན་རིས་ཡག་མ།།
ཞལ་འཛུམ་སྣང་ལ་མཛེས་ཤིང་ཡིད་དུ་བཞད་མ།།
མ་བྲིས་རང་མདངས་མངོན་པའི་དབྱངས་ཅན་སྒྲོལ་མ།།
གཞན་གྱིས་ཚེ་སྲོག་རྐུ་བའི་ཞེ་འདང་ཅན་དེ།།
ཀུན་གྱི་རྨི་ལམ་བརྗོད་པའི་ཚིག་གི་རུ་མ།།
ཆུ་བོ་གཡས་ལ་བཞུར་བའི་སྒྲ་གདངས་གསལ་མ།།
གཞས་ཆུང་གཡོན་ནས་བཀུག་དུས་ལྡེམ་མྱུར་ཅན་མ།།
དབྱར་གྱི་སྤང་གཞུང་ཁྲོད་ཀྱི་མེ་ཏོག་དེའམ།།
མདང་གི་གསང་གཏམ་དཀྱིལ་གྱི་མཛེས་པའི་མཛེས་པ།།
ཨ་ཇོའི་ཞེ་ཚིག་བརྟན་པའི་མནའ་འདང་ཅན་གཉིས།།
ལང་ཚོ་ཆང་ལ་བསྙལ་བའི་ལྷ་མོ་གཡང་མ།།
སྨོན་ལམ་ལན་བདུན་བརྗོད་སའི་སྐྱབས་གནས་དངོས་མ།།
ཕྱིར་མིག་བརྒྱ་སྟོང་འཕེན་སའི་མ་སྐྱེས་ཨ་མ།།
ཚིག་རིས་སྙིང་ལ་འབྲི་སའི་ལོ་ཟླའི་སྐྱོར་མ།།
ལས་འཕྲོ་བརྩེ་བས་རྒྱན་པའི་ཡིད་ཀྱི་འཕགས་མ།།
མིག་ཁ་ཆར་གྱིས་བརླན་པའི་སྨན་ཆུང་དེའམ།།
ཚོར་བ་རང་སར་གྲོལ་བའི་གླུ་དབྱངས་ལེན་མ།།
རྒྱ་མཚོའི་མེ་ལོང་ངོས་ཀྱི་འཇའ་ཚོན་སྟོང་མ།།
འཆི་བའི་གཟེབ་དྲྭ་ལྟར་དུ་གློ་བུར་ཐོན་མ།།
འཁོར་བའི་འདབ་རུལ་ཁྲོད་ཀྱི་མཚན་ལྗོངས་དེའམ།།
མུན་པའི་དབྱིངས་སུ་འཕྲོས་པའི་མཛེས་མཛེས་སྐར་མ།།
རི་དང་ལ་མོ་བརྒལ་ཡང་མཐོང་ཡུལ་མེད་མ།།
ལྷ་མོས་བཏབ་པའི་ནམ་མཁའི་སྦྲང་ཆར་བསིལ་མ།།
མི་ལོ་དུ་མར་སྒུག་པའི་བདུད་རྩི་དེའམ།།
གློག་ཅིག་འཁྱུག་པས་ཞེ་སེམས་སྨྲེང་སྨྲེང་བྱས་པ།།
ཆར་ཞིག་བབས་ནས་དྲན་པ་ནེམ་ནེམ་གྱུར་པས།།
རྩིག་པ་དཀར་པོའི་ངོས་ཀྱི་ཚོན་བྲིས་དེ་དང་།།
དོ་ནུབ་སྣང་བར་སྒྲོན་པའི་མཆོད་མེ་གཟིམས་སོང་།།
འབྲི་བཞིན་འབྲི་བཞིན་སྣང་བ་ལྷག་ཏུ་འཁྱག་པ།།
བསམ་ཞིང་བསམས་ན་སྙིང་ལ་ན་ཟུག་འཁོར་འོང་།།
དྲན་ཞིང་དྲན་ན་མིག་ཆུ་མཚོ་མོར་འདྲེས་འགྲོ།།
བརྗོད་ཅིང་བརྗོད་ན་ཡིག་ཆུང་རླུང་བུས་བསེད་འགྲོ།།
༼ ཤ་འོད། ༽