ཉེ་ཆར། མཐོ་སྒང་ནོར་ཕྱུགས་ལས་རིགས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་ཁྲོ་ཤུལ་འགབ་མ་ཡུལ་ཤོག་ལྟེ་བའི་སློབ་གྲྭར་འོ་ཕྱེ་ཞལ་འདེབས་ཕུལ་བའི་བྱེད་སྒོ་སྤེལ།
བོད་ལྗོངས་མཐོ་སྒང་ནོར་ཕྱུགས་ལས་རིགས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་། བོད་ལྗོངས་མཐོ་སྒང་ནོར་ཕྱུགས་དྲ་བའི་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་། མཐོ་སྒང(ཞང་ཀང)ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱི་དགེ་ལས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་སུ་དཔེ་བཟང་སློབ་གསོ་ཐེབས་པ་དང་བརྩེ་སེམས་གྲོང་གསེབ་ཀྱི་ཕྲུ་གུར་བཅངས་པའི་བླ་ན་མེད་པའི་བྱམས་སེམས་མཚོན་ཡོད་པ་རེད།
ཞལ་འདེབས་འབུལ་མཁན་གྱིས་ཞིང་འབྲོག་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་བྱིས་པའི་བདེ་ཐང་ལ་གཅེས་སྐྱོང་བྱས་ཏེ་ཞིང་འབྲོག་པའི་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏང་རྒྱུ་དེ་མཐོ་སྒང་སྤྱི་ཚོགས་ཀྱི་སྤྱི་ཕན་འགན་འཁྲི་ཞིག་ཡིན་ལ་ང་ཚོའི་དམིགས་ཡུལ་ཡང་ཡིན། ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་བྱས་ནས་ཁེ་ལས་མཁས་ཅན་དེ་བས་མང་བ་ཞིག་འབྲོག་པའི་ཕྱོགས་སུ་བསྐྱོད་དེ་རང་ཉིད་ཀྱི་གཅེས་སེམས་དང་བརྩེ་སེམས་མཚོན་པར་བྱ་དགོས་པ་བསྐུལ་བ་རེད།
བོད་ལྗོངས་མཐོ་སྒང་ནོར་ཕྱུགས་ལས་རིགས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་། བོད་ལྗོངས་མཐོ་སྒང་ནོར་ཕྱུགས་དྲ་བའི་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་། མཐོ་སྒང(ཞང་ཀང)ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་ཐེངས་འདིའི་དགེ་ལས་ཀྱིས་སློབ་གྲྭའི་སློབ་མ་ཚོར་མི་ཚེའི་ཕུགས་འདུན་འཚོལ་སྙེག་དང་འོད་སྟོང་འཕྲོ་བའི་མི་ཚེའི་ལེའུ་ཞིག་རྩོམ་ཐུབ་པར་སྨོན་འདུན་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁྲོ་ཤུལ་འགབ་མ་ཡུལ་ཤོག་ལྟེ་བའི་སློབ་གྲྭར་རིན་ཐང་སྒོར448200རི་བའི་ནོར་ཕྱུགས་ཀྱི་འོ་ཕྱེ་ཞལ་འདེབས་ཕུལ་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་འཚོ་བཅུད་ཀྱི་རྒྱབ་སྐྱོར་བྱས་ཡོད་པ་རེད།།
(ལས་ཞོར་གསར་འགོད་པ་བསྟན་འཛིན་ཡེ་ཤེས་ཀྱིས་བྲིས།)